སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གླང་བོ་ཆེའི་སྐོར་མཚམས་སྦྱོར་མདོར་བསྡུས།
རྩོམ་པ་པོ། མགོན་པོ་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-17 9:37:00 རྩོམ་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། ཀློག་གྲངས།

ཁེན་ཉི་ཡཱའི་ཨན་པའོ་སའེ་ལིའི་རྒྱལ་ཁབ་གླིང་ཀ
     ཁེན་ཉི་ཡཱའི་ཨན་པའོ་སའེ་ལིའི་རྒྱལ་ཁབ་གླིང་ཀའི་ལོ་ན་གཞོན་པའི་གླང་ཕྲུག་འདི་གཉིས་ཀྱི་མ་མི་གཅིག་ཀྱང་། ཧྥེ་གླིང་གི་གླང་བོ་ཆེའི་ཁྱུ་གཅིག་གི་ཁྲོད་ནས་རིམ་གྱིས་ནར་སོན་པས་ཁྱིམ་གཅིག་གི་ཕུ་ནུ་ལྟར་མཛའ་བརྩེ་ཤིན་ཏུ་ཟབ། ཁྱུ་ཚོགས་ཁྲོད་ཀྱི་གླང་བོ་ཆེས་རང་གི་མངལ་ལས་སྐྱེས་པའི་གླང་ཕྲུག་ཡིན་མིན་ཅི་ལྟ་ཡང་། གསོ་སྐྱོང་དང་རོགས་རམ་རིས་སུ་མེད་པར་བྱས་པས་གླང་ཕྲུག་ཚང་མ་ནར་སོན་པར་མགྱོགས་ཤིང་། གཞན་དུ་ན། གླང་བོ་ཆེའི་ཁྱུ་ཚོགས་ཡུན་ནས་ཡུན་དུ་གནས་པར་ཁག་ཐེག་བྱེད་ཐུབ་བོ། །
གླང་བོ་ཆེ་ནི་སྤྱང་གྲུང་ལྡན་པའི་སྲོག་ཆགས་ཤིག་ཡིན།
       གླང་བོ་ཆེ་ནི་ལོ་ངོ་ཁྲི་ཕྲག་མང་བོའི་སྔོན་ནས་ས་སྒང་རིལ་བོ་འདི་རུ་འཚོ་ཞིང་གནས་པའི་ཁྱུ་ཚོགས་གཞན་དྲིང་མི་འཇོག་མཁན་ཞིག་ཡིན། དུས་ཀྱི་བགྲོད་པ་ཉེར་གཅིག་པར། གླང་བོ་ཆེ་ནི་སྲོག་ཆགས་ཀུན་ཀྱི་གཟུགས་གཞི་ཆེས་ཆེ་བའི་སྐམ་སར་གནས་པའི་འོ་འཐུང་སྲོག་ཆགས་ཤིག་ཡིན་ཞིང་། རྟག་པར་ཁྱུ་ཚོགས་ལ་བརྟེན་ནས་འཚོ་བ་རོལ་བཞིན་གདའ། གླང་བོ་ཆེའི་ཀོ་བ་ཤིན་ཏུ་མཐུག་ཀྱང་ཀོ་གཉེར་བར་གྱི་ཀོ་བ་ཤིན་ཏུ་སྲབ་པས་རྒྱུན་དུ་འདམ་རྫོབ་ཏུ་ཉལ་ནས་འབུའི་གནོད་པ་ལ་གཡོལ་ཐབས་བྱས། གླང་བོ་ཆེའི་མཆེ་བ་ནི་དགྲ་བོའི་ཕས་ཀྱི་རྒོལ་བ་འཇོམས་པའི་མཚོན་ཆ་གལ་ཆེན་ཞིག་ཡིན་ནོ། །
གཟུགས་གཞི་ཆེས་ཆེ་བའི་འོ་འཐུང་སྲོག་ཆགས།
1 ཧྥེ་གླིང་གི་ནགས་ཁྲོད་གླང་བོ་ཆེ།
     ཧྥེ་གླིང་གི་ནགས་ཁྲོད་གླང་བོ་ཆེ་ལ་ཧྥེ་གླིང་གི་སྤུ་ལྡན་གླང་བོ་ཆེ་ཞེས་ཀྱང་འབོད་ལ། ཧྥེ་གླིང་གི་སྤང་ཐང་གླང་བོ་ཆེ་དང་ཁྱད་པ་མི་ཉུང་བ་ཞིག་ཡོད་ཅིང་། ད་ལྟའི་གླང་བོ་ཆེ་ཁྲོད་ཀྱི་གཟུགས་གཞི་ཆེས་ཆུང་བའི་རིགས་ཡིན་པར་བཤད། ཧྥེ་གླིང་གི་ནགས་ཁྲོད་གླང་བོ་ཆེས་སྡོང་ལོ་དང་སྡོང་ཤུན། ཤིང་འབྲས་སོགས་ཟས་སུ་བསྟེན། སྐབས་རེར་གཏེར་ཚྭའམ་ནགས་ཁྲོད་ཀྱི་ཚྭ་ཆུ་སྐོམ་པའི་གཉེན་དུ་བསྟེན། གཞན་དུ་ན། ཧྥེ་གླིང་གི་ནགས་ཁྲོད་གླང་བོ་ཆེའི་མཆེ་བ་རྣོན་པོས་སྡོང་ཀོག་སོགས་བཀོག་ནས་ཟས་སུ་བསྟེན་པར་བཤད། འདི་ནི་སྤྱང་གྲུང་ལྡན་པའི་ཟས་འཚོལ་སྟངས་ཤིག་ཅི་ལ་མིན།
2 ཧྥེ་གླིང་གི་སྤང་ཐང་གླང་བོ་ཆེ།
     ཧྥེ་གླིང་གི་སྤང་ཐང་གླང་བོ་ཆེ་ནི་ཧྥེ་གླིང་གི་རྒྱུན་མཐོང་གླང་བོ་ཆེ་ཞིག་ཡིན་པ་དང་། སྲོག་ཆགས་ཀུན་གྱི་གཟུགས་གཞི་ཆེས་ཆེ་བའི་སྐམ་སར་གནས་པའི་སྲོག་ཆགས་ཤིག་ཡིན། དེ་ཚོར་རིང་ཞིང་འཁྱོག་ལ་རྣོ་ངར་ལྡན་པའི་མཆེ་བ་གཏུམ་པོ་ཡོད་ཀྱང་རང་བཞིན་ཞི་ཞིང་དུལ་བར་གནས། ད་དུང་རྣ་བོ་ཆེ་གཉིས་ཡོད་ལ་ཁྲག་གི་རྒྱུ་བ་ཤིན་ཏུ་བཟང་བས་ཚ་བ་ཕྱིར་འདོན་སླ་ཞིང་ལུས་ཧྲིལ་བོ་བསིལ་བས་ཁེངས། ཧྥེ་གླིང་གི་སྐམ་སའི་དྲོད་ཚད་ཧ་ཅང་མཐོ་བས་གླང་བོ་ཆེ་སྐྱེས་མ་ཐག་ནས་ཆུ་ལ་དུང་བ་ཟབ་མོ་ཡོད་དེ། སྣས་ཆུ་འབྱིན་པ་དང་དེ་ནས་ལུས་ཡོངས་སུ་གཏོར་ནས་ཚ་གདུང་འཇོམས། དེ་ནི་གླང་བོ་ཆེ་ལ་མཚོན་ན་སྨྲ་བསམ་བརྗོད་འདས་ཀྱི་བདེ་སྐྱིད་ཅིག་ཡིན་པ་སྨྲོས་མ་དགོས་སོ། །
3 རྒྱ་གར་གྱི་གླང་བོ་ཆེ།
     རྒྱ་གར་གླང་བོ་ཆེའི་ལུས་ཕུང་ཆེ་ཞིང་རྔམ་བརྗིད་ལྡན་ལ་སྐྱི་ལྤགས་ཐལ་སྐྱ་ཡིན། སུག་བཞི་ཧ་ཅང་སྦོམ་པས་ཀྲོང་ངེར་འགྲེང་བའི་ཀ་བ་དང་མཚུངས། ལུས་ཕུང་དང་རྨིག་པའི་ཚིལ་ལྤགས་མཐུག་པོ་རང་ཆས་སུ་མངའ་བའི་སྲུང་ཐག་ལྟ་བུ་ཡིན། ཟས་སུ་རྩི་ཤིང་གི་མྱུ་གུ་དང་ལོ་མ། སྡོང་རྐང་སོགས་གཙོ་བོར་བསྟེན་པ་དང་། གཞན་དུ་ན། རྩྭ་དང་རྩི་ཤིང་གི་འབྲས་བུའང་ཟས་སུ་བསྟེན་པར་བཤད། རྒྱ་གར་གྱི་གླང་བོ་ཆེ་ནི་དཀར་ཟས་བསྟེན་པའི་སྲོག་ཆགས་ཤིག་ཡིན་པ་མི་བརྗེད་པར་གྱིས་ཤིག་གོ། །
4 མེང་མ་གླང་བོ་ཆེ།
     མེང་མ་གླང་བོ་ཆེ་ལ་གནའ་བོའི་གླང་རྒོད་ཅེས་ཀྱང་འབོད་ལ་འཁྱག་སར་གནས་པའི་སྲོག་ཆགས་ཤིག་ཡིན། སྔོན་ཆད་འཛམ་གླིང་གི་ཡུལ་གྲུ་ཀུན་གྱི་གཟུགས་གཞི་ཆེས་ཆེ་བའི་གླང་བོ་ཆེ་ཁོ་ན་ཡིན་ལ། སྐམ་སར་གནས་པའི་འོ་འཐུང་སྲོག་ཆགས་ཀུན་ཀྱི་གཟུགས་གཞི་ཆེས་ཆེ་བའང་ཡིན་པར་བཤད། སྤང་ཐང་གི་མེང་མ་གླང་བོ་ཆེའི་ལྗིད་ཚད་ལ་ཏུན་བཅུ་གཉིས་ཡོད། དེ་ཚོ་ཡོབ་གླིང་དང་ཡ་གླིང་གི་སྐམ་སའི་བྱང་ཁུལ་དུ་གནས་བཅས། མེང་མ་གླང་བོ་ཆེ་ནི་འདས་པའི་ལོ་ངོ་ཁྲི་གཅིག་དང་སྟོང་གཅིག་གི་གོང་ནས་རིམ་གྱིས་རྒྱུན་ཆད་སོང་། དེ་ལྟ་བས་ན། འཁྱགས་རྫོང་གི་དུས་རབས་ལ་རྫོགས་ཚིག་བཀོད་པ་ཤེས་ཐུབ་བོ། །
གླང་བོ་ཆེའི་ཐུན་མིན་འབྲེལ་འདྲིས་བྱེད་ཐབས།
      གླང་བོ་ཆེས་མིའི་རིགས་ཀྱིས་ཐོས་མི་ཐུབ་པའི་སྒྲ་རླབས་དམའ་མོའི་དགེ་མཚན་ལ་བརྟེན་ནས་ཕན་ཚུན་འབྲེལ་འདྲིས་བྱེད་ཆོག སྤྱིར་བཏང་ཀག་སོགས་མེད་ཚེ་བག་ཐག་ལེ་བར་བཅུ་ལྷག་གི་མཚམས་ནས་ཕན་ཚུན་འབྲེལ་འདྲིས་བྱེད་ཐུབ། ཐག་རིང་གི་གླང་བོ་ཆེས་སྒྲ་རླབས་ཇི་ལྟར་ཐོས་པ་ཡིན་ནམ། རྣ་བོ་ཆེ་ས་ལ་གླན་ནས་ཉན་པ་ཡིན་ནམ། དོན་དམ་པར་སྒྲ་རླབས་དམའ་མོ་གླང་བོ་ཆེའི་རྨིག་པ་ནས་རུས་ཀྲང་བརྒྱུད་དེ་རྣ་ཁུང་དུ་བརྡ་སྤྲོད་པ་ཡིན། དེ་འདྲའི་ཚོར་བ་སྐྱེན་པོ་ཞིག་ལ་བརྟེན་ནས་ཕན་ཚུན་འབྲེལ་འདྲིས་བྱེད་ཀྱིན་ཡོད། གཞན་དུ་ན། གླང་བོ་ཆེའི་གདོང་ཚིལ་གྱིས་སྒྲ་རླབས་རྒྱ་བསྐྱེད་ཐུབ་ཅིང་།   འདི་ལ་སྲོག་ཆགས་རིག་པ་བས་སྒྲ་བསྐྱེད་ཚིལ་ཞེས་འབོད་དོ། །
གླང་བོ་ཆེའི་དབུགས་དབྱུང་བའི་སྤྱོད་ལམ།
     ཧྥེ་གླིང་དང་ཡ་གླིང་དུ་འཚོ་སྡོད་བྱེད་པའི་གླང་བོ་ཆེ་གང་ཞིག་ཡིན་ཀྱང་དེ་ཚོ་སེམས་སྙི་བའི་སྲོག་ཆགས་ཤིག་ཡིན་པ་ཀུན་གྱིས་བཞེད། གླང་བོ་ཆེས་ན་འདམ་དུ་ཟུག་པ་དང་རྨས་སྐྱོན་ཕོག་པ། འཆི་ལ་ཉེ་བའི་གླང་བོ་ཆེ་དང་གླང་ཕྲུག་རྣམས་རང་གི་སྣས་བདེ་འཇགས་ཀྱི་གནས་སུ་འཐེན་པ་དང་། ཐ་ན་རང་གི་སྣས་གཞན་ལ་བྱིལ་བྱིལ་བྱས་ནས་དབུགས་དབྱུང་བར་བྱེད། ཚན་རིག་པའི་ཞིབ་འབྲས་ལྟར་ན། ཡ་གླིང་གི་གླང་བོ་ཆེས་དཀའ་བའི་གནས་སུ་ལུས་པའི་རིགས་མཐུན་གཞན་དག་མིག་གིས་མཐོང་དུས་སེམས་ཤིན་ཏུ་སྐྱོ་བར་བཤད་དོ། །


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...