སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མདོ་དབུས་མཐོ་སྒང་ན་གནས་པའི་འདབ་ཆགས་ཏེ་བྱ་ཝང་།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-24 10:27:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


བྱ་ཝང་། 藏马鸡 Tibetan Eared Pheasant

གཟུགས་གཞིའི་ཁྱད་ཆོས།
     གཟུགས་གཞིའི་རིང་ཚད་ལ་ལི་སྨིས85ཙམ་ཡོད་པའི་བྱ་ཝང་གི་མགོ་ན་ཁུལ་རྟིང་འདྲ་བའི་སྒྲོ་སྤུ་ཁྱབ་འདུག རྣ་རྒྱབ་ན་སྒྲོ་སྤུ་ཚོམ་བུ་གཉིས་གྱེན་གསེག་བྱས་ནས་སྐྱེས་ཡོད་པས། བལྟས་ཚོད་ཀྱིས་རྣ་གཤོག་གཉིས་ལོས་ཡིན་སྙམ་པ་ཞིག་རེད། ངོ་གདོང་གི་ལོགས་གཉིས་ན་སྒྲོ་སྤུ་དམར་བོ་ཁེབས་འདུག ལུས་རྒྱབ་དང་བྲང་ངོས། གསུས་ངོས་བཅས་ཀྱི་སྒྲོ་མདོག་དཀར་སྐྱ་དང་། གཤོག་སྒྲོའི་སྒྲོ་མདོག་སྨུག་སྐྱ་ཡིན། རྔ་སྒྲོའི་སྒྲོ་རྟིང་ཕུག་མདོག་དང་རྔ་མའི་རྒྱབ་གཞུང་ལི་ཁྲའི་མདོག་ཡིན། རྔ་སྒྲོའི་སྣེ་མོ་ནི་ཟངས་མདོག་ཇི་བཞིན་འོད་སྣང་ཞིག་འཚེར་བཞིན་ཡོད། མཆུ་ཏོ་དང་སྡེར་མོའི་མདོག་ནི་དམར་བོ་ཡིན། ཕོ་བྱའི་བྱ་སུག་གི་འདབས་རོལ་ན་སྡེར་མོ་གཅིག་སྐྱེས་འདུག  མོ་བྱའི་གཟུགས་གཞི་ཅུང་ཆུང་། བོད་ལྗོངས་ཆབ་མདོ་ན་བྱ་ཝང་གི་རིགས་ཤིག་ཡོད། བྱ་ཝང་དེ་དག་གི་རྒྱབ་གཞུང་དང་བྲང་ངོས། གསུས་ངོས་བཅས་ཀྱི་སྒྲོ་མདོག་ཕལ་ཆེར་དཀར་བོ་དཀར་རྐྱང་ཡིན། བོད་ལྗོངས་ལྷོ་ཁ་ནའང་བྱ་ཝང་གི་རིགས་ཤིག་ཡོད། བྱ་ཝང་དེ་དག་གི་གཟུགས་གཞི་གོང་སྨྲས་བྱ་ཝང་ལས་ཅུང་ཆེ། སྤྱི་གཙུག་ན་ཡོད་པའི་སྒྲོ་སྤུའི་ཁ་དོག་ནག་པོ་ཡིན། ངོ་གདོང་དང་སྐེ་མཇིང་། རྣ་སྤུ། གསུས་ངོས། ད་དུང་ནག་པོ་ཡིན་པའི་སྤྱི་གཙུག་དང་སྨུག་སྐྱ་ཡིན་པའི་སྐེ་རྒྱབ་བཅས་ན་དཀར་བོའམ་དཀར་སྐྱ་ཡིན་པའི་ཐིག་རིས་ཡོད། རྒྱབ་གཞུང་དང་གཤོག་རྩའི་སྒྲོ་མདོག་སྔོ་སྐྱ་ཡིན། རྔ་རྩ་དང་རྔ་མའི་རྒྱབ་གཞུང་གི་སྒྲོ་མདོག་ཕུག་སྐྱ་དང་བྲང་ངོས་ཀྱི་སྒྲོ་མདོག་སྔོ་སྐྱ་ཡིན། རྔ་སྒྲོའི་སྟེང་ན་ཟངས་མདོག་གི་འོད་སྣང་ཞིག་འཚེར་གྱིན་འདུག
ཁྱབ་ཡུལ།
     བྱ་ཝང་ནི་མདོ་དབུས་མཐོ་སྒང་གི་ནགས་ཚལ་ཡོད་ས་ན་ཁྱབ་འདུག
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
     བྱ་ཝང་ནི་མདོ་དབུས་མཐོ་སྒང་གི་མཐོ་ཚད་ལ་སྨིས3000ནས་སྨིས4300ཡོད་པའི་ནགས་རྫུབས་དང་ཡང་ན་ནགས་མགོའི་རྫ་འདབས་ན་སྐྱེས་ཡོད་པའི་ཤིང་ཕྲན་གྱི་གསེང་ན་འཚོ་སྡོད་བྱས་འདུག  བྱ་ཝང་ནི་ཁྱུ་དང་ཁྱུ་བྱས་ཏེ་སྡོད་པར་དགའ་བའི་འདབ་ཆགས་ཀྱི་རིགས་ཤིག་ཡིན་པས། དབྱར་ཐོག་བྱ་ཝང་འགའ་དང་ཡང་ན་བྱ་ཝང་བཅུ་ཕྲག་འགའ་ཁྱུ་བྱས་ནས་འཚོ་སྡོད་བྱེད་པ་དང་། སྟོན་མཇུག་དང་དགུན་ཐོག་བྱ་ཝང70ནས80ཁྱུ་འདུས་བྱས་ཏེ་འཚོ་སྡོད་བྱས་ཡོད།  ནམ་ལངས་པ་ན་བྱ་ཝང་དག་རྒུམ་བུ་འཐུ་རུ་འགྲོ་བ་དང་། དགོང་ཁར་མཐོ་ས་ནས་དམའ་སའི་སྡོང་བོའི་ཡལ་གའི་སྟེང་ལ་འཕུར་ནས་ཡོང་སྟེ་ཉལ་བ་རེད། ཁ་ཟས་ནི་རན་སྙེ་དང་རྩི་ཤིང་དག་གི་རྩད་པ། སྣེ་ལོ། འབྲུ་གུ་སོགས་ཡིན་ལ། བྱ་ཝང་གི་བྱ་ཕྲུག་གིས་གཙོ་བོ་འབུ་ཟ་བ་ཡིན། ཟླ5བ་ནི་བྱ་ཝང་གི་སྐྱེ་འཕེལ་བྱེད་པའི་དུས་ཚིགས་ཡིན། བྱ་ཚང་གསོམ་སྡོང་སོགས་ཀྱི་རྩ་ན་བཅོས་ཡོད། ལོ་རེར་སྒོ་ང6ནས9རུམ་པ་དང་། བྱ་ཝང་གི་སྒོ་ངའི་ཁ་དོག་ནི་སྔོ་སྐྱ་ཡིན།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
      བྱ་ཝང་ནི་མིག་ལ་མཛེས་པའི་འདབ་ཆགས་ཀྱི་རིགས་ཤིག་ཡིན་པར་མ་ཟད། རང་རྒྱལ་མདོ་དབུས་མཐོ་སྒང་ན་མ་གཏོགས་མེད་པའི་འདབ་ཆགས་ཀྱི་རིགས་རྩ་ཆེན་ཞིག་ཡིན།
ད་ཡོད་གནས་བབ།
     མདོ་དབུས་མཐོ་སྒང་ན་བྱ་ཝང་ཧ་ཅང་མང་ནའང་། རང་རྒྱལ་གྱིས་བྱ་ཝང་ནི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱ་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་གཉིས་པར་བཞག་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...