སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལྷ་བྱ་ཁྲུང་ཁྲུང་ངམ་ཁྲུང་ཁྲུང་སྐེ་ནག
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-19 10:03:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

ཁྲུང་ཁྲུང་སྐེ་ནག 黑颈鹤 Black-necked Crane

     ཁྲུང་ཁྲུང་སྐེ་ནག་ལ་བོད་བྱ་ཁྲུང་ཁྲུང་དང་ལྷ་བྱ་ཁྲུང་ཁྲུང་ཟེར་ཞིང་། དམངས་ཁྲོད་དུ་གེ་སར་རྟ་རྫི་ཞེས་ཀྱང་འབོད་པ་ཡིན།
གཟུགས་གཞིའི་ཁྱད་ཆོས།
     ཁྲུང་ཁྲུང་སྐེ་ནག་གི་གཟུགས་གཞིའི་རིང་ཚད་ལ་ལི་སྨིས130ཡས་མས་ཡོད་པ་དང་། སྤྱི་གཙུག་གི་སྐྱི་པགས་ནི་དམར་པོ་ཡིན་ལ། སྒྲོ་སྤུ་ཐར་ཐོར་རེ་སྐྱེས་འདུག སྐེ་སྟོད་ནག་པོ་ཡིན། ལུས་སྟེང་གི་སྒྲོ་སྤུ་དཀར་སྐྱ་དང་གཤོག་པ་ཁམ་ནག་ཡིན། གཤོག་པའི་འོག་གི་གཤོག་སྒྲོ་རིམ་བཞིན་གཞུ་དབྱིབས་ལྟར་སྐྱེས་ཏེ་རྔ་སྒྲོ་ནག་པོའི་སྟེང་ལ་ཁེབས་འདུག  ཁྲུང་ཁྲུང་སྐེ་ནག་གི་མཆུ་ཏོ་ལྗང་སྐྱ་དང་སྡེར་མོ་ནག་པོ་ཡིན། ཕོ་བྱ་དང་མོ་བྱ་གཉིས་ལས་ཕོ་བྱའི་གཟུགས་གཞི་ཅུང་ཆེ།
ཁྱབ་ཡུལ།
     ཁྲུང་ཁྲུང་སྐེ་ནག་གི་ཁྱབ་ཡུལ་ནི་མདོ་དབུས་མཐོ་སྒང་ཡིན་ལ། དགུན་ཐོག་མདོ་དབུས་མཐོ་སྒང་དང་ཀོས་ཀྲིག་མཐོ་སྒང་གི་ས་ཆ་དམའ་ས་རུ་འཕུར་ཏེ་འཚོ་སྡོད་བྱེད་པ་ཡིན་པས། མཐོ་སྒང་ན་མ་གཏོགས་མེད་པའི་ཁྲུང་ཁྲུང་གི་རིགས་ཤིག་ཡིན།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
     ཁྲུང་ཁྲུང་སྐེ་ནག་ནི་རྒྱ་མཚོའི་ངོས་ལས་ཧ་ཅང་མཐོ་བའི་མཐོ་སྒང་གི་མཚེའུ་དང་ན་ཁུགས། ཡང་ན་མཚེའུ་འགྲམ་གྱི་རྫུབས་གསེང་ན་གནས་འདུག  ཁྲུང་ཁྲུང་སྐེ་ནག་གི་རྣམ་རིག་ཧ་ཅང་རྒོད་པ་དང་། ཕྱི་དགྲ་གམ་ལ་བཏུད་པ་ན་གཤོག་རྡེབ་བྱེད་བཞིན་འཕུར་འགྲོ་བ་རེད། རྒྱུད་སྤེལ་སྐབས་ཁྲུང་ཁྲུང་སྐེ་ནག3ནས5རེ་ཁྱུ་བྱས་ནས་སྡོད་པ་ཡིན་ལ།  བྱ་ཚང་ནི་མི་ཟོག་ཐམས་ཅད་ཉེ་སར་བཏུད་མི་ཐུབ་པའི་ན་ཁུགས་སོགས་སུ་བཟོ་བ་ཡིན། བྱ་ཚང་རེ་ན་བྱ་སྒོང1ནས2རེ་ཡོད་པ་དང་། ཕོ་བྱ་དང་མོ་བྱས་རེས་མོས་བྱས་ཏེ་བྱ་སྒོང་རུམ་པ་ཡིན། དགུན་ཐོག་ཁྲུང་ཁྲུང་སྐེ་ནག་བྱ་ཁྱུ་ཆེན་པོར་འདུས་ནས་འཚོ་སྡོད་བྱེད་པ་དང་། ཁ་ཟས་གཙོ་བོ་ནི་སྦལ་བ་དང་ལྕོང་མོ། འབུ། སྦྲུལ། ཉེའུ། ཆུ་རྩྭ། རྩྭ་འབྲུ། འབྲུ་རིགས་སོགས་ཡིན།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
     ལྷ་བྱ་ཁྲུང་ཁྲུང་སྐེ་ནག་ནི་རང་རེའི་རྒྱལ་ཁབ་དང་། ནང་སྒོས་སུ་མདོ་དབུས་མཐོ་སྒང་ན་མ་གཏོགས་མེད་པའི་ཁྲུང་ཁྲུང་གི་རིགས་ཧ་ཅང་དཀོན་པོ་ཞིག་ཡིན། མདོ་དབུས་མཐོ་སྒང་གི་ན་ཁུགས་ཅུང་ཆེ་ས་ཐམས་ཅད་ནི་ཁྲུང་ཁྲུང་སྐེ་ནག་གི་ཕ་ས་ཕ་ཡུལ་དུ་གྱུར་ཡོད།
ད་ཡོད་གནས་བབ།
     གནའ་ནས་བཟུང་བོད་མི་རིགས་ཀྱིས་ཁྲུང་ཁྲུང་སྐེ་ནག་ནི་ལྷ་བྱ་རུ་བཀུར་ཏེ་མི་གསོད་པས་ན། ཁྲུང་ཁྲུང་སྐེ་ནག་གི་ཁྱུ་དང་གྲངས་ཀ་ཇེ་ཉུང་ལ་སོང་མེད། མདོ་དབུས་མཐོ་སྒང་དུ་ལོ་རེར་རྒྱུད་སྤེལ་བའི་ཁྲུང་ཁྲུང་སྐེ་ནག3000ཙམ་དང་དགུན་བརྒལ་བའི་ཁྲུང་ཁྲུང་སྐེ་ནག6000ལྷག་མཐོང་ཐུབ། ཡིན་ནའང་ཁྲུང་ཁྲུང་སྐེ་ནག་གི་འཕེལ་ཚད་དམའ་བའི་དབང་གིས་གྲངས་ཀ་ཇེ་མང་དུ་སོང་མེད། ཁྲུང་ཁྲུང་སྐེ་ནག་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱ་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་དང་པོར་གྱུར་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...