སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཆུར་རྐྱལ་མཁས་པའི་འདབ་ཆགས་ཏེ་བྱ་ངང་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-21 9:34:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

ངང་བ། 天鹅  Swan

གཟུགས་གཞིའི་ཁྱད་ཆོས།
     ངང་བའི་གཟུགས་གཞིའི་ཆེ་བ་དང་། ལུས་ཀྱི་རིང་ཚད་ལ་སྨིས1.5ཡི་ཡན་ཡོད། ལུས་ཡོངས་ཀྱི་སྒྲོ་སྤུའི་སྤུ་མདོག་དཀར་བོ་ཡིན། མཆུ་རྟིང་ན་སྒོང་དབྱིབས་དང་མཚུངས་པའི་ཤ་འབུར་ཡོད། ཕོ་བྱའི་ཤ་འབུར་ཅུང་ཆེ་བ་དང་མོ་བྱའི་ཤ་འབུར་ཅུང་ཆུང་། སྐེ་ཅུང་རིང་བ་དང་ཆུར་རྐྱལ་སྐབས་དབྱིན་ཡིགSལྟར་འཁྱོགས་ཤིང་། འདྲོག་པ་དང་ཡང་ན་རྒྱང་ལ་ལྟ་སྐབས་སྐེ་དྲང་མོར་བསྲིང་སྲིད། མིག་ཟུང་ཇ་མདོག་དང་མཆུ་དམར་བོ་ཡིན། མཆུ་རྟིང་དང་ཤ་འབུར། སྡེར་མོ་དང་སྡེར་མོ་བར་གྱི་ཤ་སྐྱི་ནག་པོ་ཡིན།
ཁྱབ་ཡུལ།
     རང་རྒྱལ་གྱི་འབྲི་ཆུའི་སྨད་རྒྱུད་དང་མདོ་དབུས་མཐོ་སྒང་ན་གནས་འདུག
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
     བྱ་ངང་བ་ནི་ཆུར་རྐྱལ་བར་མཁས་ཤིང་། བར་སྣང་ནས་འཕུར་སྐབས་སྐེ་སྔོན་ལ་བསྲིངས་པ་དང་རྐང་བ་གཉིས་རྗེས་ལ་བརྐྱངས་འདུག  བར་སྣང་ནས་འཕུར་དུས་གཤོག་པའི་རྡེབ་སྒྲ་དེ་འདྲ་མི་ཚོར། ཁ་ཟས་གཙོ་བོ་ནི་ཆུ་སྐྱེས་རྩི་ཤིང་དང་འབའ་འབུ་སོགས་ཡིན། དཔྱིད་ཐོག་དྲོད་འབབ་དུས་ས་སྐམ་ས་དང་ཡང་ན་ཆུ་རྩྭའི་རྫུབས་གསེང་དུ་བྱ་ཚང་བཟོ་བ་དང་། སྒོ་ང4ནས6བཏང་རྗེས་བྱ་སྒོང་རུམ་པ་ཡིན། བྱ་སྒོང་དཀར་བོ་དཀར་རྐྱང་ཡིན་ལ། བྱ་སྒོང་ཁ་གས་རྗེས་བྱ་ཕྲུག་ལག་ཆགས་པ་ཧ་ཅང་མགྱོགས། དཔྱིད་ཐོག་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས། ནང་སོག་རང་སྐྱོང་ལྗོངས་སོགས་སུ་གནས་པ་དང་། ངང་ཕྲུག་ལག་ཆགས་ནས་འཕུར་ཐུབ་དུས་ཏེ། ལོ་རེའི་ཟླ7པའི་སྨད་ནས་ཟླ8པའི་ཟླ་སྟོད་དུ་འབྲི་ཆུའི་འབབ་རྒྱུད་དུ་སོང་སྟེ་དགུན་བརྒལ་བ་ཡིན།  མདོ་དབུས་མཐོ་སྒང་ལ་མཚོན་ན་བྱ་ངང་བ་ནི་དབྱར་ཐོག་མ་གཏོགས་མི་མཐོང་བའི་འདབ་ཆགས་དཀོན་པོ་ཞིག་ཡིན།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
     བྱ་ངང་བ་ནི་བོད་དམངས་ཁྲོད་དུ་བྱ་ངང་བས་ངང་ཕྲུག་ཁྲིད་དེ་ཞེས་ནམ་ཡང་བསྟོད་ཡུལ་དུ་གྱུར་ཡོད་པས།  དེར་ལག་བཞག་ནས་གསོད་མཁན་ཡོད་མི་སྲིད། ཡིན་ནའང་འགྲོ་བ་མིའི་རིགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་གླེང་འཕྱིས་པ་སོགས་ཀྱི་དབང་གིས་ངང་བ་ལྟ་བུའི་འདབ་ཆགས་དཀོན་པོ་དག་ཇེ་ཉུང་དུ་གྱུར་འདུག  ང་ཚོས་རང་གི་བུ་རབས་ཚ་རྒྱུད་ལ་བྱ་ངང་བ་ལྟ་བུའི་འདབ་ཆགས་རྩ་ཆེན་རིག་ཏུ་བཅུག་ན་འདོད་ཕྱིན། ད་ནས་བཟུང་བྱ་ངང་བ་ནི་ཡ་ཐོད་ཀྱི་མིག་དང་ཡ་ཆུང་གི་སྙིང་ཇི་བཞིན་སྲུང་སྐྱོབ་བྱ་དགོས།
ད་ཡོད་གནས་བབ།
     སྤྱིར་ཡིན་ན་མདོ་དབུས་མཐོ་སྒང་ནི་ངང་བའི་ཕ་ས་ཕ་ཡུལ་ཡིན་མོད། དུས་དེང་སང་བྱ་ངང་བ་ནི་རི་བོང་གི་རྭ་བཞིན་མཐོང་རྒྱུ་ཧ་ཅང་དཀོན། ཡིད་དགའ་བ་ཞིག་ལ། དེང་སང་རྒྱལ་ཁབ་ཕྱི་ནང་ཀུན་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་བཟང་དུ་སོང་བར་བརྟེན། བྱ་ངང་བའི་གྲངས་ཀའང་སྔར་ལས་ཇེ་མང་དུ་འགྲོ་ངེས་ཡིན་ནོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...