སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཛེས་ཤིང་ལྟ་ན་སྡུག་པའི་འདབ་ཆགས་ཏེ་རྨ་བྱ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-27 10:43:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


རྨ་བྱ།  孔雀  Greeg Peafowl

གཟུགས་གཞིའི་ཁྱད་ཆོས།
     རྨ་བྱའི་ལུས་ཡོངས་ཀྱི་སྤུ་མདངས་ནི་འོད་སྣང་འཚེར་བའི་སྤུ་ལྗང་ཡིན། མགོ་ན་ཙོག་ལངས་བྱས་ཡོད་པའི་ཟེ་པྲོག(རིང་ཚད་ལ་ལིས་སྨིས11ཡས་མས་ཡོད)ཡོད་ལ། མཇུག་སྒྲོའི་རིང་ཚད་ལ་ལིས་སྨིས150ནས་ལིས་སྨིས180ཡོད། སྒྲོ་སྤུའི་སྟེང་ན་མཛེས་ཤིང་ལྟ་ན་སྡུག་པའི་སྒྲོ་མདོངས་ཡོད། མོ་བྱའི་གཟུགས་ཚད་ཕོ་བྱ་ལས་ཆུང་བར་མ་ཟད། སྒྲོ་མདངས་མི་མཛེས་ཤིང་མཇུག་སྒྲོ་རིང་བོའང་མེད།
ཁྱབ་ཡུལ།
     རང་རྒྱལ་ལ་མཚོན་ན་རྨ་བྱ་ནི་བོད་ལྗོངས་ཀྱི་མོན་ཡུལ་དང་ལྷོ་ཡུལ། ཡུན་ནན་གྱི་ས་ཆ་ཁ་ཤས་ན་མ་གཏོགས་མེད།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
     རྨ་བྱ་ནི་མཚོ་ངོས་ལས་སྨིས2000མན་གྱི་ཤིང་ཕྲན་ཐར་ཐོར་ཡོད་སའི་རྩྭ་ཐང་དང་། ཤིང་ཕྲན་དང་སྨྱུག་ཚལ། ནགས་ཚལ་བཅས་ཀྱི་གསེང་ན་གནས་འདུག་པར་མ་ཟད། ལུང་ཁོག་གི་ཆུ་བོའི་འགྲམ་དང་ནགས་གསེང་གི་སྤང་ངོས་སུའང་འཚོ་བར་དགའ། རྨ་བྱ་ནི་རྣམ་རིག་གྲིམ་ཞིང་བརྒྱུགས་ན་མགྱོགས་པ་དང་དོགས་ཟོན་ཆེ་བའི་འདབ་ཆགས་ཀྱི་རིགས་ཤིག་ཡིན། རྨ་བྱས་ནངས་དགོང་ལ་ཁ་ཟས་བཙལ་བ་དང་།  ཁ་ཟས་གཙོ་བོ་རྩྭ་འབྲུ་དང་ཤིང་ཏོག  མྱུ་གུ  འབུ། སྦལ་བའི་རིགས་སོགས་ཡིན། (ངག་རྒྱུན་དུ་དུག་རྩྭ་ཟ་བ་ཡིན་ཟེར) ལོ་རེའི་ཟླ2བའི་ཟླ་དཀྱིལ་དུ་སྐྱེ་འཕེལ་བྱེད་མགོ་རྩོམ་པ་དང་། བྱ་ཚང་ནི་ཤིང་ཕྲན་གྱི་གསེང་དང་རྩྭ་གསེང་། སྨྱུག་ཚལ་གྱི་གསེང་སོགས་ན་བཅོས་ཡོད། སྒོ་ང་རུམ་ཐེངས་རེར4ནས8རུམ་པ་ཡིན།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
     རྨ་བྱ་ནི་མཛེས་ཤིང་ལྟ་ན་སྡུག་པའི་འདབ་ཆགས་ཀྱི་རིགས་ཤིག་ཡིན། རྨ་བྱའི་སྒྲོ་ཡིས་མཛེས་རྒྱན་བྱས་ཆོག བོད་ཀྱི་རྩོམ་རིག་སྒྱུ་རྩལ་དུ་རྨ་བྱ་ནི་མཛེས་སྡུག་གི་མཚོན་བྱེད་ཅིག་ཡིན་ལ། དམངས་གླུའི་ནང་དུ་གཤོག་ཐོགས་ཅན་གྱི་རྩྭ་གཟན་གསུམ།། ཐང་དཀར་རྒོད་པོས་སྤྲ་ཏོག་ཟ།། ངང་བ་སེར་པོས་འདམ་རྩྭ་ཟ།། རྨ་བྱ་སྔོན་མོས་དུག་རྩྭ་ཟ།།ཞེས་ཟེར་བ་དང་།《གེ་སར་སྒྲུང》དུའང་རྨ་བྱ་ནི་ཧོར་གུར་དཀར་གྱི་བླ་བྱ་ལས་དྲང་བདེན་གྱི་ཕྱོགས་སུ་ལངས་པའི་བླ་བྱ་ཞིག་ཡིན་པ་བརྗོད་ཡོད་པར་གཞིགས་ན། རྨ་བྱ་ནི་བོད་རིགས་མི་དམངས་ཤིན་ཏུ་དགའ་ཞིང་དུངས་པའི་འདབ་ཆགས་ཤིག་ཡིན་པ་དེ་ཤེས་ཐུབ། རྨ་བྱའི་ཤ་དང་ཁྲག མཁྲིས་པ། བྱ་སྒྲོ། བྱ་བྲུན་བཅས་ནི་བོད་སྨན་དུ་འགྲོ་བ་ཡིན།
ད་ཡོད་གནས་བབ།
     བོད་ལ་མཚོན་ན་རྨ་བྱ་ནི་བོད་རང་སྐྱོང་ལྗོངས་ཀྱི་ཤར་ལྷོའི་མཐའ་མཚམས་ཀྱི་ས་ཁུལ་ཉུང་ཤས་ན་མ་གཏོགས་མེད་པས། རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱེད་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་དང་པོར་གྱུར་ཡོད།
     ང་ཚོས་བྱ་རྨ་བྱ་ལྟ་བུའི་འདབ་ཆགས་རྩ་ཆེན་སྲུང་སྐྱོབ་བྱེད་ན་ངེས་པར་དུ་རང་བྱུང་ཁམས་དང་འཆམ་མཐུན་མཉམ་གནས་བྱས་ཏེ། རྨ་བྱར་འཚོ་སྡོད་བྱེད་སའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...