སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དུག་སྦྲུལ་གདེངས་ཀ་ཅན།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-29 10:51:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


དུག་སྦྲུལ་གདེངས་ཀ་ཅན།  眼镜王蛇  King Cobra

གཟུགས་གཞིའི་ཁྱད་ཆོས།
     དུག་སྦྲུལ་གདེངས་ཀ་ཅན་གྱི་རིང་ཚད་ལ་སྨིས3.3ནས་སྨིས5ཙམ་ཡིན། ལུས་སྟོད་ཀྱི་རྒྱབ་གཞུང་ཁམ་ནག་ཡིན་པ་དང་ལུས་སྨད་ཀྱི་རྒྱབ་ངོས་ན་འཕྲེད་ཐིག་ནག་པོ་ཁྱབ་འདུག  གསུས་ངོས་ཀྱི་ཁ་དོག་ཁམ་སེར་ཡིན། ལུས་སྟོད་ཡར་ལང་ཐུབ་པ་དང་མགོ་སྐེའི་གཡས་གཡོན་ན་གདེངས་ཀ་ཡོད།
ཁྱབ་ཡུལ།
     མདོ་དབུས་མཐོ་སྒང་ལ་མཚོན་ན་དུག་སྦྲུལ་གདེངས་ཀ་ཅན་ནི་བོད་ལྗོངས་ཀྱི་མེ་ཏོག་རྫོང་དང་ཀློ་ཡུལ། མོན་ཡུལ་སོགས་མ་གཏོགས་མེད།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
     དུག་སྦྲུལ་གདེངས་ཀ་ཅན་ནི་མཚོ་ངོས་ལས་སྨིས1000མན་གྱི་དབྱར་དགུན་མེད་སའི་ཆར་ནགས་སུ་གནས་པ་ཡིན་ལ། ཆུ་རྒྱུན་ནམ་རྫིང་བུའི་ཉེ་ལོགས་ཀྱི་སྡོང་སྐམ་ཆེན་པོ་དང་ཡང་ན་ཡལ་ག་སྐམ་པོ་དང་སྔོ་དྲེག་མཐུག་སའི་ནགས་འོག་བཅས་ན་འཚོ་སྡོད་བྱས་ཡོད། དུག་སྦྲུལ་གདེངས་ཀ་ཅན་ནི་མཚན་མོར་གཉིད་པ་དང་ཉིན་དཀར་ཁ་ཟས་འཚོལ་བའི་སྲོག་ཆགས་ཤིག་ཡིན་ལ། ནམ་ཡིན་ཡང་ལུས་སྨད་སྡོང་བོའི་ཡལ་གར་དཀྲིས་པ་དང་ལུས་སྟོད་ཡར་འགྲེང་བའམ་མར་དཔྱངས་འདུག དུག་སྦྲུལ་གདེངས་ཀ་ཅན་ནི་ཧ་ཅང་གདུག་རྩུབ་ཆེ་བས། ཁ་ཟས་སུ་རང་རིགས་ཀྱི་སྦྲུལ་སྣ་མང་བོ་ཟ་བར་མ་ཟད། སྦལ་བ་དང་བྱི་བ། རྩངས་པ་སོགས་སྲོག་ཆགས་ཆུང་གྲས་ཀྱི་རིགས་ཀྱང་ཟ་བ་རེད། དུག་སྦྲུལ་གདེངས་ཀ་ཅན་གྱིས་ཤིང་ལོ་སྐམ་པོ་སྤུངས་པའི་སྦྲུལ་ཚང་དུ་སྦྲུལ་སྒོང20ནས30དང་། ཡང་ན40ཙམ་བཏང་སྟེ་རུམ་པ་ཡིན།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
     བོད་ཁུལ་ལ་མཚོན་ན་དུག་སྦྲུལ་གདེངས་ཀ་ཅན་ནི་རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་གྲས་སུ་གཏོགས་པ་ཡིན། དུག་སྦྲུལ་གདེངས་ཀ་ཅན་ནི་བྱི་ནད་སྔོན་འགོག་བྱེད་པ་དང་། ཚན་རིག་ཞིབ་འཇུག་བྱེད་པའི་ཐད་ལ་མཁོ་བར་མ་ཟད། དཔལ་འབྱོར་གྱི་རིན་ཐང་ཡང་ཅུང་མཐོ། དུག་སྦྲུལ་གདེངས་ཀ་ཅན་གྱི་སྦྲུལ་ལྤགས་ཀྱིས་པི་ཝང་སོགས་གཡོགས་ཆོག་པར་མ་ཟད། སྦྲུལ་དུག་གིས་སྨན་ཡང་བཟོས་ཆོག
ད་ཡོད་གནས་བབ།
     མང་ཚོགས་རྣམས་ཀྱིས་དུག་སྦྲུལ་གདེངས་ཀ་ཅན་ནི་ཀླུ་རུ་བཀུར་ཏེ་མི་གསོད་ནའང་། བྱི་དུག་འཕངས་ཏེ་་བྱི་བའི་རིགས་བསད་པ་ན། ཀླུ་རུ་བཀུར་བའི་དུག་སྦྲུལ་གདེངས་ཀ་ཅན་གྱིས་དུག་གིས་བསད་པའི་བྱི་བ་ཟོས་ཏེ་འཆི་བཞིན་པའི་གནས་ཚུལ་ད་དུང་བྱུང་དང་འབྱུང་བཞིན་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...