སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལྷ་ས་གྲོང་ཁྱེར་གྱི་མདུན་ངོས་སུ་གཡས་བསྐོར་གྱིས་འབབ་པའི་གཙང་ཆུ་སྟེ་ལྷ་སའི་སྐྱིད་ཆུ།
རྩོམ་པ་པོ། དུང་དཀར་ཚིག་མཛོད་ལས་བཏུས། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-7 10:54:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ལྷ་ས་གྲོང་ཁྱེར་གྱི་མདུན་ངོས་སུ་གཡས་བསྐོར་གྱིས་འབབ་པའི་གཙང་ཆུའི་མིང༌། ཆུ་འདིའི་འབྱུང་ཁུངས་ཆུ་འགོ་ནི། གཉན་ཆེན་ཐང་ལྷའི་རི་རྒྱུད་དུ་གཏོགས་པའི་ལྷ་རི་རྫོང་གི་སྨི་ཏི་ཁ་ཆུས་ཀྱི་ཕུར་ཡོད་པའི་མཚོ་ལ་ཐུག་ཅིང༌། ཆུ་མཇུག་ནི་ལྷ་སའི་སྨད་རྒྱུད་ཆུ་ཤུལ་རྫོང་གི་ཤར་ལྷོའི་ཕྱོགས་སུ་གཙང་ཕྱོགས་ནས་འབབ་པའི་ཆུ་དང་འདྲེས་ཏེ་ཡར་ལུང་གཙང་པོ་དང་མཉམ་དུ་འབབ་པ་ཞིག་ཡིན། སྐྱིད་ཆུ་འདིའི་ཆུ་འགོ་གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱི་ནུབ་ངོས་ནས་བརྩམས་ཏེ་ལྷ་རི་འགོ་དང༌། ནག་ཆུ། འདམ་གཞུང༌། ལྷུན་གྲུབ། མལ་དྲོ་གུང་དཀར། སྟག་རྩེ། གྲོང་ཁྱེར་ལྷ་ས། སྟོད་ལུང་བདེ་ཆེན། ཆུ་ཤུལ་བཅས་རྫོང་དགུ་དང༌། གྲོང་ཁྱེར་གཅིག་བཅས་ཀྱི་ས་ཁུལ་དུ་འགྲོ་བ་དང༌། ཆུ་རྒྱུན་ནི་སྨི་ཏི་གཙང་པོ་དང༌། གསེབ་རོང་གཙང་པོ། འདམ་ཆུ། རྭ་སྒྲེང་གཙང་པོ། འབྲི་གུང་གཙང་པོ། ལྷ་ཆུ། བཟང་ཆུ། ཡུལ་ངན་ཆུ། མལ་གྲོ་མ་ཆུ། སྟོད་ལུང་ཆུ་སོགས་ཆུ་རྒྱུན་ཆེ་ཆུང་སྣ་ཚོགས་འདྲེས་པ་ལས་བྱུང་ཞིང༌། ཁྱོན་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ588དང༌། ཞེང་ཚད་ཆེ་སར་ཤར་ནུབ་བར་དུ་སྤྱི་ལེ315ལྷོ་བྱང་བར་དུ་ཞེང་ཚད་སྤྱི་ལེ218ཆུའི་བཞུར་ཚད་ཆེ་ཤོས་ལ་སྐར་ཆ་རེར་སྤྱི་ཁྲེ་རྒྱ་དཔངས་གྲུ་བཞི་མ237དང་བཞུར་ཚད་ཆུང་ཤོས་ལ་སྐར་ཆ་རེར་སྤྱི་ཁྲེ་རྒྱ་དཔངས་གྲུ་བཞི་མ120ཆུ་རྒྱུན་འདུས་ཚད་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ150ལྷག་ཙམ། ཆུའི་མཐོ་ཚད་ཐད་ཆུ་འགོའི་རྒྱུད་དུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ5150དང༌། ཡར་ལུང་གཙང་པོར་འདྲེས་མཚམས་སུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ3470ཙམ་ཡོད་པས་སྐྱིད་ཆུ་ནི་ཡར་ལུང་གཙང་པོའི་ཡན་ལག་ཆུ་རྒྱུན་རིང་ཤོས་གྲས་ཤིག་ཡིན། གོང་གསལ་གྱི་དཔྱད་གཞི་ནི་བོད་རང་སྐྱོང་ལྗོངས་ས་གཤིས་ཞིབ་འཇུག་ཁང་ནས་བཏོན་པ་ལྟར་ཡིན། གཞན་ཡང་སྔ་རབས་ཀྱི་ཡིག་ཆ་རྙིང་པ་མང་པོའི་ནང་སྐྱི་ཆུ་ཞེས་བྲིས་ཡོད་པ་མ་ཟད། འབྲི་གུང་ནས་ཆུ་ཤུལ་བར་གྱི་ས་གནས་དེར་ལྷ་ས་ཞེས་མིང་མ་ཐོགས་གོང་དུ་རུས་མིང་སྐྱི་ཡིན་པའི་ཚོ་པ་རྣམས་གནས་སྡོད་བྱེད་སའི་ས་གནས་ཡིན་པས་སྐྱི་ཤོད་དང༌། དེའི་རྒྱུད་དུ་འབབ་པའི་གཙང་པོ་ལ་སྐྱི་ཆུ་ཞེས་འབོད་པ་ཡིན་ཚུལ་འཁོད་པའི་ཡིག་ཆ་རྙིང་པ་ཞིག་མཐོང་མྱོང་ཡང༌། ཡིག་ཆ་དེའི་མིང་བརྗེད་ངས་ཀྱི་དབང་དུ་སོང་ནས་ད་ལྟ་སེམས་ལ་མི་དྲན་པར་སྣང༌། དེ་ཡང་སྐབས་འདིར་བོད་གནའ་རབས་ཀྱི་ཡིག་ཆ་རྙིང་པའི་ནང་སྐྱི་ཆུ་ཞེས་འཁོད་པའི་ཁུངས་ཙམ་བསྟན་པ་ལས་ཡོངས་གྲགས་སུ་སྐྱིད་ཆུ་ཞེས་འབྲི་སྲོལ་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...