སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཆུ་བོའི་འགྲམ་རྒྱུ་སོགས་ན་འཚོ་གནས་བྱེད་པའི་རི་སྐྱེས་སྲོག་ཆགས་ཏེ་ཆུ་སྲམ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-21 10:07:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


ཆུ་སྲམ། 水獭 European Otter

གཟུགས་གཞིའི་ཁྱད་ཆོས།
     ཆུ་སྲམ་གྱི་གཟུགས་ཀྱི་རིང་ཚད་ལ་ལིས་སྨིས60ནས་ལིས་སྨིས80དང་། ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ2ནས་སྤྱི་རྒྱ5ཡོད་པ་རེད། ཆུ་སྲམ་ནི་ཆུ་དང་སྐམ་ས་གཉིས་ཀར་གནས་པའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཡིན། དེའི་ལུས་གཟུགས་ལེབ་སྒོར་ནར་མོ་ཞིག་ཡིན་པ་དང་། མགོ་བོ་ཅུང་ལེབ་ཅིང་ཞེང་ཆེ་བ་ཞིག་ཡིན། རྣ་འབྱོག་སྒོར་ཞིང་ཆུང་ལ་སུག་བཞི་ཐུང་བ་དང་། སྡེར་མོ་དག་སྐྱི་མོས་སྦྲེལ་འདུག རྔ་མ་ཐུང་བ་དང་སྤུ་མདངས་ཁམ་ནག་གམ་ཁམ་སེར་ཡིན། གསུས་ངོས་ཀྱི་སྤུ་མདངས་ཁམ་སྐྱ་ཡིན།
ཁྱབ་ཡུལ།
     ཆུ་སྲམ་ནི་མདོ་དབུས་མཐོ་སྒང་གི་ཆུ་བོའི་འགྲམ་རྒྱུད་སོགས་ན་འཚོ་སྡོད་བྱས་ཡོད་པར་མ་ཟད། ས་ཆ་གཞན་དག་ནའང་ཆུ་སྲམ་མཐོང་རྒྱུ་ཡོད།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
     ཆུ་སྲམ་ནི་གཙོ་བོ་ཉ་རིགས་ཅུང་མང་བའི་ཆུ་བོ་དང་མཚེའུ། ཆུ་མཛོད། ཆུ་རྫིང་སོགས་ན་གནས་པ་དང་། ཁྱད་པར་དུ་བཞུར་རྒྱུན་དལ་ཞིང་ཆུ་ཧ་ཅང་དྭངས་མོ་ཡིན་པའི་འགྲམ་ངོསགས་ཀྱི་ནགས་ཚལ་སྟུག་པོ་ཡོད་ས་རུ་འཚོ་སྡོད་བྱས་ཡོད། ཆུ་སྲམ་གྱི་ཚང་མལ་ནི་ཆུ་འགྲམ་གྱི་བྲག་སྲུབས་དང་སྡོང་བོའི་རྩད་པའི་འོག་ན་བཅས་ཡོད་པར་མ་ཟད། སྲོག་ཆགས་གཞན་དག་གི་ཚང་ཤུལ་ན་རང་གིས་ཚང་མལ་བཅོས་ཡོད་པའང་མཐོང་རྒྱུ་ཡོད། ཆུ་སྲམ་ནི་ཉིན་དཀར་གཉིད་པ་དང་མཚན་མོར་སྒོར་འབུད་ནའང་། དུང་ཟླ་དཀར་བོ་ཚེས་པའི་མཚན་མོར་ཁ་ཟས་བཙལ་བར་ཧ་ཅང་དགའ། ཆུ་སྲམ་ནི་ཆུར་རྐྱལ་མཁས་པ་དང་ཆུ་ཞབས་སུ་འཛུལ་མཁས་པར་མ་ཟད། ས་སྟེང་ནས་བརྒྱུགས་ནའང་ཤིན་ཏུ་མགྱོགས། ཆུ་སྲམ་གྱི་མིག་དབང་དང་རྣ་དབང་ཧ་ཅང་རྣོ། སྤྱིར་ཆུ་སྲམ་ནི་ཁེར་འགྲོ་སྟེག་ནའང་ཆུ་སྲམ་འགའ་ཁྱུ་བྱས་ཏེ་ཉ་འཛིན་པའི་གནས་ཚུལ་ཡང་མཐོང་རྒྱུ་ཡོད། ཆུ་སྲམ་གྱི་ཁ་ཟས་གཙོ་བོ་ནི་ཉ་ཡིན་མོད། ཆུ་གནས་སྲོག་ཆགས་སྦལ་བ་དང་སྡིག་སྲིན། སྐམ་སའི་སྟེང་གི་བྱི་བའང་ཟ་བ་རེད། ཆུ་སྲམ་གྱི་སྐྱེས་འཕེལ་དུས་ཚིགས་དེ་འདྲའི་མངོན་གསལ་ཞིག་མིན་མོད། འོན་ཀྱང་ལོ་རེར་ཕྲུ་གུ་ཐེངས་གཉིས་ལ་བཙའ་བ་དང་། བཙའ་ཐེངས་རེར་ཕྲུ་གུ་གཉིས་རེ་བཙའ་སྲིད།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
     སྲམ་ལྤགས་ནི་ཕྱི་བལྟས་མིག་ལ་མཛེས་པ་དང་། གྲ་ཁ་མཉམ་ཞིང་གྲ་རྟིང་མཐུག་པའི་པགས་རིགས་རྩ་ཆེན་ཞིག་ཡིན་པར་མ་ཟད། ཆུ་སྲམ་གྱི་མཆིན་པ་དང་ཆུ་སྲམ་གྱི་རྔ་མ། སྲམ་སྤུ་བཅས་ནི་བོད་སྨན་དུ་འགྲོ་བས། ང་ཚོས་རིན་ཆེན་གསེར་ལས་དཀོན་པའི་ཐོན་ཁུངས་འདི་མེད་བརླག་ཏུ་གཏོང་མི་རུང་།
ད་ཡོད་གནས་བབ།
     ཆུ་སྲམ་གྱི་ཁྱབ་རྒྱ་ཅུང་ཆེ། རེ་ཞིག་ལ་སྲམ་ལྤགས་ཀྱི་རིན་གོང་ཧ་ཅང་མཐོ་བས། མི་རྣམས་ཀྱིས་ཆུ་སྲམ་གསོད་དྲགས་སོང་། ད་ལྟ་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་མཐོར་སོང་བ་དང་མཉམ་དུ་ཆུ་སྲམ་གྱི་གྲངས་ཀའང་ཇེ་མང་དུ་འགྲོ་བཞིན་ཡོད།
     ཆུ་སྲམ་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱ་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་གཉིས་པར་གྱུར་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...