སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མདོ་དབུས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་གཡི་དཀར།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-25 9:59:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


གཡི་དཀར། 猞猁 Lynx

གཟུགས་གཞིའི་ཁྱད་ཆོས།
     གཡི་དཀར་གྱི་གཟུགས་གཞིའི་རིང་ཚད་ལིས་སྨིས95ནས་ལིས་སྨིས105དང་།  རྔ་མའི་རིང་ཚད་ལ་ལིས་སྨིས18ནས་ལིས་སྨིས20ཡོད་པ་རེད། གཡི་དཀར་གྱི་ངོ་གདོང་ནི་བྱི་ལ་དང་མཚུངས་ཤིང་། རྣ་རྩེ་གཉིས་ཀྱི་སྟེང་ན་རིང་ཚད་ལ་ལིས་སྨིས4ཡོད་པའི་སྤུ་རིང་ཚོམ་བུ་རེ་སྐྱེས་འདུག  རྔ་མ་སྦོམ་ཞིང་ཐུང་བ་དང་རྔ་རྩེ་ཟླུམ་ཟླུམ་ཞིག་ཡིན། གཡས་གཡོན་གྱི་ཟ་ཀོང་ནང་ན་ཐུར་དུ་དཔྱངས་པའི་སྤུ་རིང་ཚོམ་བུ་རེ་སྐྱེས་ཡོད།  རྒྱབ་གཞུང་གི་གྲ་རྟིང་གི་ཁ་དོག་ཕུག་སྐྱ་དང་། གྲ་རྐེད་ཀྱི་ཁ་དོག་དམར་སྨུག  གྲ་ཁའི་ཁ་དོག་དཀར་སྐྱའམ་དཀར་བོ་ཡིན། གསུས་ངོས་ཀྱི་སྤུ་མདོག་དཀར་བོ་ཡིན། རྒྱབ་གཞུང་དང་སུག་བཞིའི་སྟེང་ན་ཁ་དོག་སྐྱ་སེར་ཡིན་པའི་ཐིག་ལེ་ཁྱབ་འདུག
ཁྱབ་ཡུལ།
         མདོ་དབུས་མཐོ་སྒང་ན་གཡི་དཀར་གྱི་རིགས་གཉིས་ཡོད་པ་དང་། རིགས་རྒྱུད་མི་གཅིག་པའི་གཡི་དཀར་འདི་དག་རང་རྒྱལ་གྱི་ཤར་བྱང་དང་ནུབ་བྱང་། ཧྭ་པེ་བཅས་ནའང་ཡོད་པ་རེད།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
       མདོ་དབུས་མཐོ་སྒང་གི་གཡི་དཀར་ནི་མཚོ་ངོས་ལས་སྨིས3500ནས་སྨིས4500བར་གྱི་རྫ་མགོ་དང་ནགས་ཚལ། ཤིང་ཕྲན་གྱི་རྫུབས་གསེང་། སྤང་ཐང་བཅས་ན་འཚོ་སྡོད་བྱས་ཡོད། གཡི་དཀར་ནི་སྡོང་མགོ་དང་བྲག་ངོས་ལ་འགོ་ཐུབ་པར་མ་ཟད། ཆུར་ཡང་རྐྱལ་ཤེས་པའི་གཅན་གཟན་གྱི་རིགས་ཤིག་ཡིན། གཡི་དཀར་ནི་ཚང་ལ་འགྲོ་སྐབས་དང་ཕྲུ་གུ་སྙོར་སྐབས་མ་གཏོགས་ཕལ་ཆེར་ཁེར་རྐྱང་དུ་གནས་འདུག གཡི་དཀར་ནི་མཚན་མོར་རྒྱུ་བའི་གཅན་གཟན་རིགས་ཤིག་ཡིན་ནའང་ནངས་དགོང་གཉིས་ཀར་ཁ་ཟས་བཙལ་བར་བྲེལ་འདུག  གཡི་དཀར་གྱི་ཚང་ཕལ་ཆེར་བྲག་སྲུབས་དང་སྡོང་ཁུང་གི་ནང་ན་བཅོས་འདུག  ཁ་ཟས་གཙོ་བོ་ནི་འཕྱི་བ་དང་། ཨ་བྲ།  རི་བོང་། གནའ། རྒོ། གཙོད། གོང་མོ་སོགས་ཡིན། གཡི་དཀར་ནི་ཟླ2པ་ནས་ཟླ3པའི་ནང་དུ་ཚང་ལ་འགྲོ་བ་དང་།  མངལ་སྦྲུམ་ཡུན་ཉི་མ60ནས་ཉི་མ80ཡིན་ལ། བཙའ་ཐེངས་རེར་ཕྲུ་གུ1ནས་ཕྲུ་གུ4རེ་བཙའ་སྲིད།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
        གཡི་ལྤགས་ཀྱི་སྤུས་ཀ་ལེགས་ཤིང་གྲ་རྟིང་མཐུག་པར་མ་ཟད། གྲ་ཁའང་བབ་ཆགས་པ་ཞིག་ཡིན་པས་ན། པགས་རིགས་རྩ་ཆེན་གྱི་གྲས་ཡིན། གཡི་དཀར་ནི་ཕྱི་བལྟས་མིག་ལ་ཡག་པའི་གཅན་གཟན་གྱི་རིགས་ཤིག་ཡིན་པས། རི་དྭགས་ཁང་སོགས་སུ་འགྲེམ་སྟོན་བྱས་ན་མི་རྣམས་ཧ་ཅང་བལྟ་བར་དགའ་བ་ཞིག་ཡིན། གཡི་དཀར་གྱི་རྒྱུ་མ་སོགས་བོད་སྨན་དུའང་འགྲོ་བར་བརྟེན། གཡི་དཀར་ནི་གཡི་དཀར་སྐར་མ་སྟོང་ལྡན་ཞེས་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་ཞིག་ཡིན།
ད་ཡོད་གནས་བབ།
        མི་རྣམས་ཀྱིས་ལོ་ངོ་བཅུ་ཕྲག་འགའི་རིང་ལ་གཡི་དཀར་གསོད་དྲགས་པར་བརྟེན། དེང་སང་གཡི་དཀར་ཡོད་ས་ན་གཡི་དཀར་མཐོང་རྒྱུ་ཧ་ཅང་དཀོན་འདུག  གཡི་དཀར་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱ་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་གཉིས་པར་གྱུར་འདུག


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...