སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མདོ་དབུས་མཐོ་སྒང་ན་འཚོ་སྡོད་བྱེད་པའི་རི་སྐྱེས་སྲོག་ཆགས་སྤྲེལ་ཁྲ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-9-12 10:23:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
སྤྲེལ་ཁྲ། 滇金丝猴 Black Snub-nosed Monkey
གཟུགས་གཞིའི་ཁྱད་ཆོས།
      སྤྲེལ་ཁྲ་དར་མ་ཞིག་གི་གཟུགས་ཚད་ལ་ལིས་སྨིས50ནས་ལིས་སྨིས60དང་། ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ15བཅས་ཡོད། རྔ་མའི་རིང་ཚད་ནི་ལུས་ཚད་ཀྱི2/3ཡིན། གདོང་མདོག་དམར་ནག་ཡིན་ལ། སྣ་ཁུང་ཡར་འཁོར་འདུག ལུས་ཀྱི་སྤུ་མདངས་ནག་པོ་ཡིན་པ་དང་། འཕོངས་ཚོས་དང་རྐང་ལག་གི་ནང་ངོས་ཀྱི་སྤུ་མདོག་ནི་དཀར་སེར་འོད་མདངས་ལྡན་པ་ཞིག་ཡིན།
ཁྱབ་ཡུལ།
      མདོ་དབུས་མཐོ་སྒང་གི་བོད་ལྗོངས་སྨར་ཁམས་རྫོང་དང་ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་རྫོང་གི་བར་གཞི་ན་གནས་འདུག
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
      སྤྲེལ་ཁྲ་གནས་ས་ནི་རྒྱ་མཚོའི་ངོས་ལས་སྨིས3500ནས་སྨིས4350ཡི་བར་གྱི་གསོམ་ནགས་ཡིན། བཤད་ཚུལ་ལྟར་ན་ཡུན་ནན་བདེ་ཆེན་རྫོང་གི་ས་ཐོག་ན་གན་པའི་སྤྲེལ་ཁྲ་ཡིས་སྨྱུག་གཞོན་དང་སྨྱུག་ལོ་ཉབ་ཉོབ་ཟ་བར་དགའ་ཟེར་མོད། འོན་ཀྱང་བོད་ལྗོངས་ཀྱི་སྤྲེལ་ཁྲ་ཡོད་ས་ན་སྨྱུག་མའི་ནགས་ཚལ་མཐོང་རྒྱུ་མི་འདུག སྤྲེལ་ཁྲ་ནི་ལོ་རེར་ཐེངས་གཉིས་ལ་གནས་སྤོ་བའི་སྤྲེལ་རིགས་ཤིག་ཡིན། ཟླ4བ་ནས་ཟླ6པའི་ཟླ་སྟོད་ལ་སྤྲེལ་ཁྲ་རྣམས་རྒྱ་མཚོའི་ངོས་ལས་སྨིས4200ནས་སྨིས4350ཡི་བར་གྱི་གསོམ་ནགས་ཀྱི་ནགས་མགོར་ནགས་སྤོར་བ་དང་། ཟླ6པའི་ཟླ་སྨད་དུ་རྒྱ་མཚོའི་ངོས་ལས་སྨིས3900མན་གྱི་གསོམ་ནགས་ཀྱི་ཁྲོད་ལ་གནས་སྤར་ཏེ་འཚོ་སྡོད་བྱེད་པ་ཡིན། ཟླ9བའི་ཟླ་མཇུག་ནས་ཟླ10བའི་ཟླ་དཀྱིལ་དུ་སླར་ཡང་ནགས་མགོར་གནས་སྤོར་བ་དང་། ཟླ11པའི་ཟླ་མཇུག་སྟེ་ནང་ཟླ་ཇེ་འཁྱག་ཏུ་སོང་བ་དང་མཉམ་དུ་རྒྱ་མཚོའི་ངོས་ལས་སྨིས3500ནས་སྨིས3800བར་གྱི་དྲོ་ས་རུ་གནས་སྤར་ཏེ་འཚོ་སྡོད་བྱེད་པ་ཡིན། སྤྲེལ་ཁྲ་རྣམས་དགུན་ཐོག་སྡོང་མགོར་འགོས་ཏེ་ཉི་མར་ལྡེ་རྒྱུར་དགའ། སྤྲེལ་ཁྱུ་རེར་སྤྲེལ་བཅུ་ཕྲག་འགའམ་སྤྲེལ་བརྒྱ་ནས་ཉིས་བརྒྱ་འདུས་པ་དང་། ཕོ་སྤྲེལ་དར་མ་ཞིག་གིས་མགོ་ཁྲིད་དེ་འཚོ་སྡོད་བྱེད་པ་ཡིན། སྤྲེལ་ཁྱུ་ཡར་མར་ལ་འགྲོ་སྐབས་དོགས་ཟོན་ཤིན་ཏུ་ཆེ་བ་དང་ཞེང་ལ་སྨིས15ནས་སྨིས20ཡོད་པའི་ཕྲེང་བཤར་ཏེ་འགྲོ་བ་ཡིན། སྤྲེལ་ཁྲའི་ཁ་ཟས་གཙོ་བོ་ནི་ཐང་ཤིང་གི་སྣེ་ལོ་དང་གསོམ་ཤིང་གི་སྣེ་ལོ། ཐང་གསོམ་སྟེང་གི་འཁྲི་ཤིང་བཅས་ཡིན་ལ། དགུན་ཐོག་མཚམས་ལན་རེར་ཞིང་གྲོང་དུ་མ་རྨོས་ལོ་ཏོག་བརྐུས་ཟ་བྱེད་དུ་ཡོང་བའི་གནས་ཚུལ་ཡང་ཡོད། ལོ་རེའི་ཟླ4བ་ནས་ཟླ5བའི་ནང་དུ་ཕྲུ་གུ་བཙའ་བ་དང་། བཙའ་ཐེངས་རེར་ཕྲུ་གུ་གཅིག་རེ་བཙའ་སྲིད།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
      སྤྲེལ་ཁྲ་ནི་འཛམ་གླིང་སྟེང་ན་རང་རྒྱལ་གྱི་ཡུན་ནན་ཞིང་ཆེན་དང་བོད་ལྗོངས་བར་གྱི་ས་རྒྱ་ཆུང་ཆུང་ཞིག་ན་མ་གཏོགས་མེད་པའི་སྤྲེལ་རིགས་དཀོན་པོ་ཞིག་ཡིན་ཞིང་། ད་ལྟ1000ཡས་མས་ཙམ་ལས་མེད། སྤྲེལ་ཁྲ་ལ་ཚན་རིག་ཞིབ་འཇུག་བྱེད་པའི་རིན་ཐང་ལྡན་པར་མ་ཟད། རི་དྭགས་གླིང་ག་རུ་འགྲེམ་སྟོན་བྱས་ན་ཧ་ཅང་དགའ་བསུ་ཐོབ་པའི་སྤྲེལ་རིགས་ཤིག་ཀྱང་ཡིན།
ད་ཡོད་གནས་བབ།
     དུས་རབས20བའི་ལོ་རབས60ནས་ལོ་རབས70བར་དུ་སྤྲེལ་ཁྲ་ཅུང་མང་མོད། ཉེ་བའི་ལོ་ཤས་ཀྱི་རིང་ལ་རྔོན་གསོད་བྱས་དྲགས་པས་སྤྲེལ་གྲངས་ཇེ་ཉུང་དུ་སོང་བ་དང་མཉམ་དུ་སྤྲེལ་ཁྱུའང་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་འདུག 1987ལོའི་ཟླ10བ་ནས་བཟུང་སྤྲེལ་ཁྲ་ལ་སྲུང་སྐྱོབ་བྱེད་མགོ་བརྩམས་པ་དང་། ད་ལྟ་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱེད་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་དང་པོར་གྱུར་ཡོད།
     ང་ཚོ་འགྲོ་བ་མིའི་རིགས་འདི་གོ་ལ་ཟླུམ་པོའི་སྟེང་དུ་གནས་དགོས་ན་ངེས་པར་དུ་འཆམ་མཐུན་ཡིན་པའི་རང་བྱུང་ཁོར་ཡུག་ཅིག་ཡོད་དགོས་པ་དང་། འཆམ་མཐུན་གྱི་རང་བྱུང་ཁོར་ཡུག་ཅིག་བསྐྲུན་དགོས་ན་ངེས་པར་དུ་སའི་གོ་ལའི་སྟེང་ན་གནས་པའི་རང་རེའི་ཁྱིམ་མཚེས་ཏེ། རི་སྐྱེས་སྲོག་ཆགས་དག་ལ་འཚོ་སྡོད་བྱེད་སའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས། དེ་ལྟར་བགྱིས་ན་ང་ཚོའི་འཇིག་རྟེན་འདི་ད་གཟོད་ལྟ་ན་སྡུག་ཅིང་ཕུན་སུམ་ཚོགས་པའི་འཇིག་རྟེན་ཞིག་ཏུ་འགྱུར་སྲིད་དོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...