སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རི་སྐྱེས་སྲོག་ཆགས་སྤྲ་སྨིན་དཀར་ལག་རིང་།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-9-21 8:42:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


སྤྲ་སྨིན་དཀར་ལག་རིང་།白眉长臂猿 Hoolock Cibbon

གཟུགས་གཞིའི་ཁྱད་ཆོས།
     སྤྲ་སྨིན་དཀར་ལག་རིང་ནི་སྤྲ་རིགས་ལས་ཆུང་གྲས་ཀྱི་རིགས་ཤིག་ཡིན་ཞིང་། གཟུགས་གཞིའི་རིང་ཚད་ལ་ལིས་སྨིས40ནས་ལིས་སྨིས50ཡོད་པ་དང་། ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ7ཡས་མས་ལས་མེད། སྤྲ་སྨིན་དཀར་ལག་རིང་གི་ལག་པ་རྐང་བ་ལས་རིང་ལ། ལག་ངར་དཔུང་བ་ལས་རིང་བ་ཞིག་ཡིན་པར་མ་ཟད། ལག་མཐིལ་ཡང་རྐང་མཐིལ་ལས་རིང་བ་ཞིག་ཡིན། སྤྲ་སྨིན་དཀར་ལག་རིང་གི་མགོ་བོ་ཆུང་ཆུང་ལྒང་ལི་ཞིག་དང་འདྲ་ཞིང་། མིག་གི་གོང་ན་དཀར་ཐིག་རེ་ཡོད་པས། བལྟས་ཚོད་ཀྱིས་སྨིན་མ་དཀར་བོ་སྐྱེས་ཡོད་པ་དང་མཚུངས།  ཕོ་སྤྲའི་ལུས་སྤུ་ནག་པོའམ་ཁམ་ནག་ཡིན་པ་དང་། མོ་སྤྲའི་སྤུ་མདོག་སྐྱ་སེར་ཡིན། ཕོ་མོ་གང་ཡིན་རུང་རྔ་མ་སྐྱེས་མེད། དཔྱི་མགོའི་གཡས་གཡོན་ན་ཤ་ལྦ་རེ་ཆགས་ཡོད།
ཁྱབ་ཡུལ།
     སྤྲ་སྨིན་དཀར་ལག་རིང་ནི་བོད་ལྗོངས་ཀྱི་ཀློ་ཡུལ་དང་རྫ་ཡུལ་ན་གནས་པར་མ་ཟད། ཡུན་ནན་ཞིང་ཆེན་གྱི་ནུབ་ལྷོ་ས་ཁུལ་ནའང་འཚོ་སྡོད་བྱས་ཡོད།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
     སྤྲ་སྨིན་དཀར་ལག་རིང་གནས་ས་ནི་མཚོ་ངོས་ལས་སྨིས1200ཡས་མས་ཏེ། ཚ་ཁུལ་གྱི་རྒྱུན་སྔོ་ཆར་ནགས་དང་། ཡང་ན་ཕྱེད་སྔོ་ཡིན་པའི་ཆར་ནགས་སམ་རྒྱུན་སྔོ་ཡིན་པའི་རི་ཁུལ་གྱི་ནགས་འདབས་ན་འཚོ་སྡོད་བྱས་ཡོད། སྤྲ་སྨིན་དཀར་ལག་རིང་ཁྱུ་དང་ཁྱུ་བྱས་ནས་འཚོ་སྡོད་བྱེད་སྐབས་ས་གནས་ངེས་ཅན་ཞིག་བདག་གིར་བཟུང་སྟེ། མཚན་མོ་གཉིད་པ་དང་ཉིན་མོ་ཁ་ཟས་འཚོལ་བ་སོགས་ཀྱི་ལས་ལ་བྲེལ་བཞིན་ཡོད། སྤྲ་སྨིན་དཀར་ལག་རིང་གི་ཁ་ཟས་ནི་ལྕུག་ཕྲན་གྱི་སྣེ་ལོ་དང་། མེ་ཏོག  སིལ་ཏོག སྡོམ། བྱིའུ་སྒོང་། འབུ་སོགས་ཡིན་ལ། མིག་དབང་དང་རྣ་དབང་ཧ་ཅང་རྣོ། ཁྱོ་ཤུག་གཏན་ཁེལ་ཡིན་པ་དང་དགུན་ཐོག་ཕྲུ་གུ་བཙའ་བ་ཡིན།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
     སྤྲ་སྨིན་དཀར་ལག་རིང་ནི་འོ་འཐུང་སྲོག་ཆགས་ཁྲོད་ཆེས་མཐོ་རིམ་ལ་གཏོགས་པའི་སྤྲ་མི་ཆུང་གྲས་ཀྱི་རིགས་ཤིག་ཡིན། རང་རྒྱལ་ལ་མཚོན་ན་ཁྱབ་རྒྱ་ཆུང་ཞིང་གྲངས་ཀ་ཉུང་བའི་སྤྲ་རིགས་ཤིག་ཡིན་པས། མི་རྣམས་ཀྱིས་ཆེས་མཐོང་བར་སྤྲོ་བའི་རི་སྐྱེས་སྲོག་ཆགས་ཡིད་དུ་འོང་བ་ཞིག་ཡིན།
ད་ཡོད་གནས་བབ།
     བཤད་ཚུལ་ལྟར་ན། ས་གནས་དེའི་མི་རྣམས་ཀྱིས་སྤྲ་སྨིན་དཀར་ལག་རིང་གསོད་ཀྱིན་ཡོད་པས། སྤྲ་རིགས་དེའི་གྲངས་ཀ་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་པ་ཡིན་མོད། ད་ལྟ་མི་རྣམས་ཀྱི་འཆམ་མཐུན་ཁོར་ཡུག་གི་འདུ་ཤེས་ཇེ་མཐོར་སོང་བ་དང་མཉམ་དུ་སྤྲ་སྨིན་དཀར་ལག་རིང་གི་གྲངས་ཀ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད།
     སྤྲ་སྨིན་དཀར་ལག་རིང་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱ་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་དང་པོར་གྱུར་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...