སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རི་སྐྱེས་སྲོག་ཆགས་སྤྲེལ་མཚམས་སྦྱོར།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-10-31 11:25:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
སྤྲེལ། 猕猴 Rhesus Macaque
གཟུགས་གཞིའི་ཁྱད་ཆོས།
     སྤྲེལ་གྱི་གཟུགས་ཚད་ལ་ལིས་སྨིས51ནས་ལིས་སྨིས63དང་། རྔ་མའི་རིང་ཚད་ལ་ལིས་སྨིས18ནས་ལིས་སྨིས22ཡོད། གྲ་སྟུག་པའི་ལུས་སྤུ་ནི་མགོ་ཐོག་ནས་ལུས་སྨད་ལ་ཕྱོགས་ནས་ཁེབས་འདུག རྔ་སྤུ་ཅུང་གཟེང་ཡོད། འགྲམ་པའི་ནང་ངོས་གཉིས་ན་ཤ་ཡི་ཟས་སྣོད་གཉིས་ཡོད། ཟས་རྔམ་ཟ་བྱེད་སྐབས་ཐོག་མར་ཤ་ཡི་ཟས་སྣོད་དུ་འཇུག་པ་དང་། ཁོམ་ལོང་བྱུང་རྗེས་ཤ་ཡི་ཟས་སྣོད་ལས་ཟས་ཕྱིར་ཁ་ནང་དུ་བླངས་ཏེ་ལྡད་པ་ཡིན། མགོ་དང་སྐེ། ཕྲག་མགོ  སོག་གཞུང་བཅས་ཀྱི་སྤུ་མདངས་ནག་སྐྱ་དང་། རྒྱབ་གཞུང་དང་འཕོངས་མགོ རྐང་སུག་གི་ཕྱི་ངོས། རྔ་རྩ་བཅས་ཀྱི་སྤུ་མདངས་ནག་སེར། གསུས་ངོས་ཀྱི་སྤུ་མདངས་དཀར་སྐྱ་བཅས་ཡིན། འཕོངས་མགོའི་ལྦ་ཤའི་ཁ་དོག་དམར་བོ་ཡིན། རྣ་གཤོག་དང་ངོ་གདོང་གི་སྐྱི་ལྤགས་ལ་དམར་ཤས་ཆེ། རྐང་ལག་རེར་སེན་མོ་དང་ལྡན་པའི་མཛུབ་གུ་ལྔ་རེ་ཡོད།
ཁྱབ་ཡུལ།
     རང་རྒྱལ་གྱི་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན། ཀན་སུའུ་ཞིང་ཆེན། ཡུན་ནན་ཞིང་ཆེན། ཀོང་ཏུང་ཞིང་ཆེན། ཀོང་ཞི་ཞིང་ཆེན། ཧུའུ་ནན་ཞིང་ཆེན། ཧུའུ་པེ་ཞིང་ཆེན། ཅང་ཞི་ཞིང་ཆེན། ཀོས་ཀྲིག་ཞིང་ཆེན། ཀྲེ་ཅང་ཞིང་ཆེན། ཧི་པེ་ཞིང་ཆེན་བཅས་ཀྱི་ནགས་ཚལ་ན་གནས་ཡོད་པས། རང་རྒྱལ་གྱི་ཁྱབ་རྒྱ་ཆེས་ཆེ་བའི་སྤྲེལ་རིགས་ཤིག་ཡིན།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
     མདོ་དབུས་མཐོ་སྒང་དུ་ཡོད་པའི་སྤྲེལ་ནི་མཚོ་ངོས་ལས་སྨིས2000ནས་སྨིས4300ཡི་བར་གྱི་ནགས་ཚལ་ན་གནས་འདུག སྤྲེལ་ནི་ཁྱུ་དང་ཁྱུ་བྱས་ནས་བསྡད་ཡོད་པ་དང་། ཁྱུ་ཆུང་བ་ཞིག་ལ་སྤྲེལ10ཕྲག་འགའ་དང་ཁྱུ་ཆེ་བ་ཞིག་ལ་སྤྲེལ100ལྷག་ཡོད། ཉིན་མོར་ཟས་བཙལ་བ་དང་མཚན་མོར་སྡོང་མགོའམ་བྲག་ངོས་སུ་ངལ་གསོ་བ་ཡིན། སྤྲེལ་ནི་རྐང་ལག་ཧ་ཅང་མྱུར་བའི་སྲོག་ཆགས་ཤིག་ཡིན་པ་དང་། ཡར་འགོ་བ་དང་ཕར་མཆོང་བ། ཆུར་རྐྱལ་བ་བཅས་ལ་ཤིན་ཏུ་མཁས། ཁ་ཟས་སུ་ཤིང་ཏོག་དང་རྩི་ཤིང་གི་འབྲས་བུ། མེ་ཏོག  ལྗོན་ཤིང་གི་ནེམ་ལོ་སོགས་ཟ་བར་མ་ཟད། ཤིང་རུལ་དང་རྡོ་འོག་ན་གནས་པའི་འབུའང་ཟ་བ་ཡིན། མཚམས་ལན་རེར་ཞིང་བར་དུ་ལོ་ཏོག་ཀྱང་ཟ་རུ་འོང་བ་རེད། དགུན་མཇུག་ནས་དཔྱིད་མགོར་སྐྱེ་འཕེལ་བྱེད་པ་དང་། མངལ་སྦྲུམ་ཡུན་ནི་ལོ་ཕྱེད་ཙམ་ཡིན་ལ། བཙའ་ཐེངས་རེར་ཕྲུ་གུ་གཅིག་རེ་བཙའ་སྲིད།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
     སྤྲེལ་ནི་སྐྱེ་དངོས་ཁྲོད་ཀྱི་མེད་དུ་མི་རུང་བའི་སྲོག་ཆགས་ཤིག་ཡིན། སྤྲེལ་གྱིས་ལྗོན་པའི་ས་བོན་གང་སར་གཏོར་བ་དང་གནོད་འབུ་ཟ་བ་ཡིན་པས། སྐྱེ་ཁམས་དོ་མཉམ་ཡོང་བ་དང་སྐྱེ་དངོས་རྒྱུད་འཕེལ་བྱེད་པར་ཕན་པར་མ་ཟད། དམངས་ཁྲོད་རྩོམ་རིག་དང་རྩོམ་རིག་སྒྱུ་རྩལ་ཁྲོད་དུ་ནམ་ཡང་བརྗོད་གཞིར་འཛིན་སྤྲོ་བའི་སྣང་བརྙན་ཞིག་ཀྱང་ཡིན་ནོ།།
ད་ཡོད་གནས་བབ།
     སྤྲེལ་ནི་ཚན་རིག་ཚོད་ལྟ་ལ་མཁོ་བའི་སྲོག་ཆགས་གཙོ་བོ་ཞིག་ཡིན་པར་མ་ཟད། སྤྲེལ་གྱི་རུས་པ་དང་སྤྲེལ་གྱི་སྙིང་། སྤྲེལ་གྱི་མཁྲིས་པ་དག་བོད་སྨན་དུ་འགྲོ་བས། སྤྲེལ་ལྐོག་རྔོན་བྱེད་པའི་གནས་ཚུལ་ནམ་ཡང་འབྱུང་གིན་ཡོད། ས་ཆ་ལ་ལ་ཡི་ནགས་ཚལ་གཅོད་དྲགས་པ་བཅས་ཀྱི་དབང་གིས་སྤྲེལ་གྱི་གྲངས་ཀ་ནི་ཉིན་རེ་ནས་ཉིན་རེར་ཇེ་ཉུང་ལ་འགྲོ་བཞིན་ཡོད་པས། སྤྲེལ་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱ་དགོས་པའི་སྲོག་ཆགས་ཨང་རིམ་གཉིས་པར་གྱུར་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...