སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མགོན་པོ་རི་དང་དེའི་ཉེ་སའི་གནས་འགའ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-10-31 13:37:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
རི་དྭགས་ལ་ཡང་བྱིན་གྱིས་རློབས་པའི་ས་ཆ།
___མགོན་པོ་རི་དང་དེའི་ཉེ་སའི་གནས་འགའ།
     ལྷོ་ཁ་ནི་བོད་མི་རིགས་ཀྱི་ཕ་ས་ཡིན། བོད་ཆོལ་ཁ་གསུམ་པོའི་མིག་གི་ལམ་དང་ཡིད་ཀྱི་དཀྱིལ་དུ་གནས་པ་ནི་ལྷོ་ཁ་ཡིན་ཏེ་ལྷོ་ཁ་ནི་ལྷ་ས་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པར་འཛིན། གལ་ཏེ་ལྷ་ས་བོད་ཀྱི་རིག་གནས་དར་རྒྱས་འབྱུང་ས་ཡིན་ན། ལྷོ་ཁ་ནི་བོད་ཀྱི་རིག་གནས་ཀྱི་ས་བོན་འདེབས་ས་རེད། གལ་ཏེ་ལྷ་ས་བོད་ཀྱི་མི་རིགས་ཀྱི་འདབ་ལག་རྒྱས་ས་ཡིན་ན། ལྷོ་ཁ་ནི་བོད་ཀྱི་རིག་གནས་གཉོམ་ལག་རྒྱས་ས་རེད། གལ་ཏེ་ལྷ་ས་ནས་བོད་བཙན་པའི་མངའ་ཐང་རྒྱས་པ་ཡིན་ན་ལྷོ་ཁ་ནས་བོད་བཙན་པོའི་གཞུང་ཚུགས་པ་ཡིན་ངེས། བོད་འབྱུང་ས་དང་བོད་ཀྱི་མི་འབྱུང་ས། བོད་ཀྱི་བཙན་པོ་དང་རིག་གནས་འབྱུང་ས་ཡང་ལྷོ་ཁ་རེད།
     ལྷོ་ཁ་ན་བོད་ཀྱི་སྔ་བ་གང་ཞིག་བཞུགས་ཏེ་ཡུལ་གྱི་སྔ་བ་ཡར་ལུང་སོག་ཁ། རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ། ཞིང་ལ་སྔ་བ་ཟོ་ཐང་། མཁར་ལ་སྔ་བ་ཡུམ་བུ་བླ་སྒང་སོགས་གང་མང་ཞིག་བྱུང་ཡོད། ད་རེས་བདག་ཆེད་དུ་ལྷོ་ཁ་ལ་མཇལ་བར་ཡོང་ནས་མགོན་པོ་རི་དང་བཙན་ཐང་། ཡུམ་བུ་བླ་སྒང་སོགས་ལ་མཇལ། དེ་ནི་ངའི་མི་ཚེ་བསོད་ནམས་ཤིག་ཡིན་ལ། ལྷག་པར་བོད་ཀྱི་རིག་གནས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ན་ཡང་ངེས་པར་ཡོང་དགོས་པ་ཞིག་ཀྱང་རེད།
     “ཡར་ཀླུངས”ཞེས་པ་ནི་ཡར་ལྷ་ཤམ་པོའི་ཀླུངས་ཐང་དུ་ཆགས་པའི་ཡུལ་ལ་ཡར་ལུང་ཞེས་ཡོངས་གྲགས་དང་། ཡང་གསུང་སྲོལ་གཞན་ལ་མུ་གེ་གནམ་ལ་ཡར་བས་ཡར་དང་། འབྲུ་རིགས་ས་ལ་བཏབ་པའི་ལུང་པ“ཡར་ལུང”ཞེས་ཀྱང་ཟེར། ཡར་ལུང་སོག་ག་ནི་སྣེ་གདོང་རྫོང་ཁོངས་ཡར་ལྷ་ཤམ་པོའི་ཆུ་རྒྱུད་ཀྱི་མིང་ཡིན་ཞིང་ས་དེའི་དབྱིབས་གཡག་ལུག་གི་སོག་པའི་དབྱིབས་དང་འདྲ་བས་དེ་སྐད་ཟེར།
1
     རྩེད་ཐང་མགོན་པོ་རི་ནི་བོད་མི་རིགས་ཐོག་མར་འབྱུང་བའི་གནས་ཡིན། ད་ལྟའང་དེ་ན་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོའི་བྲག་ཕུག་ཡོད། བདག་གི་ཐོག་མར་ཐོས་པའི་བོད་ཀྱི་ལོ་རྒྱུས་ཀྱང་བོད་གདོང་དམར་བྱུང་ཚུལ་གྱི་གཏམ་རྒྱུད་དེ་ཡིན་པས། རྩེད་ཐང་མགོན་པོ་རི་ནི་བདག་གིས་ཆེས་སྔོན་མར་ཤེས་པའི་དབུས་གཙང་གི་རི་ཡིན། འོན་ཀྱང་དཔེ་ལ་ལ་ན་ཀོང་བོ་རི་ཞེས་ཀྱང་བྲིས་འདུག
     རྒྱ་མིས་ལྕགས་རི་རིང་བོར་མ་འགོས་ན་ཕོ་རྒོད་མིན་ཟེར་བ་བཞིན། བོད་ཀྱིས་མགོན་པོ་རིར་མ་འགོས་ན་ཕོ་རྒོད་མིན་ཞེས་བཤད་ན་ལེགས། བོད་མི་རིགས་ཀྱི་ཕ་ས་ཡིན་ལ་མ་ས་ཡང་ཡིན་པའི་རི་འདིར་འགོ་བ་ནི་དད་པ་ཡིན་ཡང་སྲིད་ལ་ཞེན་ཕྱོགས་ཀྱང་ཡིན་སྲིད། གང་ལྟར་ངལ་བ་ལ་མ་ལྟོས་པར་འགོ་འདོད་པ་ནི་བདག་ཐོག་མར་ལྷོ་ཁ་ལ་ཡོང་བའི་དམིགས་ཡུལ་ཆེན་པོ་ཞིག་ཡིན།
     མགོན་པོ་རི་ནི་གནའ་བོའི་གྲོང་རྡལ་རྩེད་ཐང་གི་ཤར་ངོས་སུ་གནས་ཤིང་། བོད་ཀྱི་གནས་རི་གྲགས་ཅན་བཞིའི་ཡ་གྱལ་ཏེ། མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིདཡོད། རི་བོ་འདིའི་དབྱིབས་བརྗིད་ཆགས་ཤིང་ཡིད་དུ་འོང་བ་ཞིག་ཡོད་པ་སྟེ། རི་བོའི་དབུས་རྒྱལ་བོ་གདན་ལ་བཞུགས་པ་ལྟར་བརྗིད་ཆགས་པ་དང་། ཕྱོགས་བཞིར་རི་ལག་ཤར་ན་གླང་ཆེན་འདྲ་བ་དང་། ལྷོ་རུ་རྟ་མཆོག་འདྲ་བ། ནུབ་ན་རྨ་བྱ་འདྲ་བ། བྱང་དུ་སེང་གེ་འདྲ་བ་བཅས་ཀྱིས་རབ་ཏུ་མཛེས་ཤིང་རི་ལག་བཞི་བོ་དེས་གཙོ་བོ་བྱས་པའི་རི་ཉགཀྱིས་ཡོངས་སུ་བསྐོར་ཡོད་ཟེར། ཨ་མ་རྒན་མོ་ཞིག་གིས་བསྟན་པ་བཞིན་ངས་མགོན་པོ་རིའི་རི་སྐེད་ལྷག་ཙམ་ན་ཡོད་པའི་སྤྲེའུ་བྲག་ཕུག་དེ་མཐོང་བྱུང་།
     རི་གཤམ་ནས་ལྟ་དུས་བྲག་ཕུག་ནང་དུ་དུ་བ་ལང་ལོང་འཕྱོ་བ་མཐོང་། ངལ་བ་ཁྱད་དུ་བསད་ནས་ཧུར་བཙོན་གྱིས་འགོས་པས་སྤྲེའུ་བྲག་ཕུག་ཏུ་སླེབས་སོང་། ཞོགས་པར་མི་སྐོར་ཞིག་སླེབས་ནས་ལྷ་བསང་ཕུལ་ནས་བུད་སོང་བ་མཐོང་། དེ་ལས་བོད་མི་དག་གིས་རང་གི་མེས་པོ་བྱུང་བའི་གནས་དེ་ད་དུང་བརྗེད་མེད་པར་མུ་མཐུད་དུ་ཡོང་ནས་མཆོད་སྤྲིན་སྤྲོ་བཞིན་པ་ཤེས་བྱུང་། སྤྲེའུ་བྲག་ཕུག་ནི་མཐོ་ཚད་རྒྱ་མཚོའི་ངོས་ལས4050ཡི་སར་ཆགས་ཡོད་ལ། བྲག་ཕུག་གི་ཁ་བྱང་ཤར་དུ་གཏད་ཡོད་ཅིང་མཐོ་ཚད་རྨིད2དང་། ཞེང་ཚད་རྨིད6གཏིང་ཚད་རྨིད1ཡོད། དེ་ལས་ཅུང་མི་རིང་བའི་ས་ན་བྲག་སྲིན་མོའི་བྲག་ཕུག་ཡོད་པ་ལ་མཇལ་བྱུང་།
     བྲག་ཕུག་འདི་ནས་ངས་སྨོན་ལམ་ཞིག་བཏབ་ནས་སྔོན་གྱི་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་ཡིན། སྔོན་གངས་རིའི་ལྗོངས་འདིར་འགྲོ་བ་མི་རིགས་མ་བྱུང་བའི་སྔོན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་མགོན་པོ་འོད་དཔག་མེད་ཀྱི་དྲུང་དུ་གངས་རིའི་ཞིང་ཁམས་འདིའི་འགྲོ་བའི་སླད་དུ་ཐུགས་བསྐྱེད། ཁ་བ་ཅན་གྱིས་འདུལ་དཀའ་བ་དེ་དག་ཐབས་དུ་མའི་སྒོ་ནས་འདྲེན་པར་མཛད་པས་ཆ་ཤས་ཙམ་ཡང་འདྲེན་མ་ནུས་པས་ཐུགས་ངལ་ཅུང་བྱུང་བས་སྔོན་གྱི་དམ་བཅའ་བཞིན་ཕྱག་སྟོང་སྤྱན་སྟོང་དུ་གྱུར། དེ་བས་སྔར་བས་ཐུགས་བསྐྱེད་ནས་སྐུ་དུ་མ་སྤྲུལ་ནས་ཁ་བ་ཅན་གྱི་འགྲོ་བ་འདྲེན་པར་མཛད།
     ཁོང་གིས་རྫུ་འཕྲུལ་སྟོན་པའི་སྤྲེའུ་གཅིག་ལ་དགེ་བསྙེན་གྱིས་སྡོམ་པ་བྱིན་ནས་ཁ་བ་ཅན་གྱི་རྒྱལ་ཁམས་སུ་བསྒོམ་དུ་བཏང་། ཁོང་གིས་མགོན་པོ་རིའི་བྲག་ཕུག་འདིར་སྒོམ་དུས། ལས་ཀྱིས་མནར་བའི་བྲག་སྲིན་མོ་ཞིག་གིས་ཆགས་པའི་བརྡ་མང་དུ་བྱས་ཤིང་མཐར་བུད་མེད་ཀྱི་ཆས་སུ་བྱས་ནས་འུ་གཉིས་བཟའ་ཚང་བྱ་ཞེས་བཤད་པ་ལ་ཁོང་གིས་འཕགས་པ་སྤྱན་རས་གཟིགས་ལ་ཞུས་ཏེ་ལེགས་བརྗོད་གནང་བ་བཞིན་བྲག་སྲིན་མོ་དེ་བཟའ་མི་བྱས་པ་ལས་རིགས་དྲུག་ནས་འཕོས་པའི་སྤྲེའུ་ཕྲུག་དྲུག་བྱུང་། དེ་དག་ནགས་མ་བྱ་ཚོགས་སུ་བསྐྱེལ་བ་ལས་སྤྲ་མོ་རྣམས་དང་འགྲོགས་པས་ལྔ་བརྒྱ་འཕེལ། རིམ་བཞིན་འཕེལ་བ་དང་ཐོག་མར་ཤིང་འབྲས་དང་། སྔོ་ཚལ་སོགས་ཟོས་ཤིང་། དེ་ནས་མ་རྨོས་ལོ་ཏོག་དང་། སྤྱན་རས་གཟིགས་ཀྱིས་ས་ལ་ས་བོན་གཏོར་གནང་མཛད་པའི་ལོ་ཏོག་ཟོས་པས་རིམ་པར་གདོང་དང་གཟུགས་ཀྱི་དབྱིབས་འགྱུར་བ་དང་། སྤུ་དག་ཅིང་མཇུག་མའང་མེད་པའི་མི་རུ་གྱུར།
     དེ་དག་ཕན་ཚུན་མ་མཐུན་འཐབ་པས་བཞིར་གྱེས་ཏེ། རུས་ལ་སྔ་བ་སེ་རྨུ་སྟོང་ལྡོང་བྱུང་ནས་བོད་མིའི་རྒྱལ་ཁམས་སུ་གྱུར་ཏེ། སེ་ཚེ་རིང་བ། རྨུ་ནོར་ཕྱུག་པ། ལྡོང་མགོ་དྲག་པ། སྟོང་ཡིད་སྒམ་པར་བྱུང་སྟེ་དེ་དག་གི་ཡོན་ཏན་ཡིན་ནོ། །རུས་བཞི་ལས་གྱེས་པའི་ཁམས་ཡེ་སང་དཀར་བོ་གནམ་གྱི་འཇུ་ཐག་ཅན་དང་གཅིག ཡེ་སྨོན་ནག་མོ་ཁྲོ་ཆུའི་ཕ་བོང་དང་འདྲ་བ་དང་གཉིས། སྤྱང་ཁྲིག་ཡེ་ཤེས་ལྷའི་སྒྲོན་མ་དང་གསུམ། མོན་རྫུ་ནག་པོ་ཁྱུའི་རྔ་མ་ཅན་དང་བཞིར་དབྱེ་བ་བྱུང་། རི་དྭགས་གཡུང་དུ་ཕབ་ནས་ཕྱུགས་སུ་བསྒྱུར། འཐག་གི་ཐོག་མར་རེ་ལྡེ་དར་ཞིང་རིམ་བཞིན་འཇག་མའི་ཁྱིམ་དང་སྦྲ་ཁྱིམ་དར།
     དེ་ནས་བཟུང་བོད་ལ་འགྲོ་བ་མིའི་རིགས་བྱུང་ནས་དམ་པའི་ཆོས་ཀྱི་སྣོད་དུ་གྱུར། མི་དཔའ་ཞིང་རྟ་མགྱོགས་པ་འཕེལ་བའི་ཡུལ་དུ་གྱུར། གཏམ་རྒྱུད་འདི་ནི་དར་ཝན་གྱིས་འགྲོ་བ་མི་སྤྲེའུ་ལས་མཆེད་པའི་ལྟ་ཚུལ་བཏོན་པ་ལས་ཆེས་སྔ་བས་མེས་པོ་རྣམས་ཀྱིས་འགྲོ་བ་མི་རིགས་བྱུང་བ་ནས་བར་མ་ཆད་པར་བྱུང་བའི་གཏམ་རྒྱུད་སྔར་ལས་ལྷག་པར་རིན་ཐང་དང་ལྡན་པར་གྱུར།
     ཕྱིས་བོད་ཡོངས་སུ་བྲག་ཕུག་དེ་འདྲ་མང་དུ་འཕེལ་བའི་ནང་འགའ་ཞིག་རང་བྱུང་ལྷུན་གྱིས་གྲུབ་པ་དང་། འགའ་ཞིག་མི་ཡིས་ཆེད་དུ་བཟོས་པ་ཡིན་ཞིང་། བྲག་ཕུག་དེ་དག་བཙན་ཆ་དོད་ལ་འདུ་འཛི་བྲལ་བ། ས་གཙང་རྡོ་གཙང་སོགས་ཀྱི་ཁྱད་ཆོས་ལྡན་པ་དང་། མང་ཆེ་བ་རི་མཐོ་དབེན་ས་འབའ་ཞིག་ཏུ་ཆགས་ཡོད་པས་སྐྱེས་ཆེན་དམ་པ་མང་བོའི་སྒོམ་གནས་སུ་གྱུར་ཏེ་ཕྱིས་དད་ཅན་མཇལ་བའི་གནས་འགངས་ཆེན་ཞིག་ཏུ་གྱུར།
2
     རྩེད་ཐང་མགོན་པོ་རི་ནས་བབས་རྗེས་བྱ་ས་ལྷ་ཁང་ལ་འགྲོ་བའི་ལམ་དུ་ཆས། སྔོན་ཆད་ཀྱི་ནགས་མ་བྱ་ཚོགས་ཅན་ཞེས་བྱ་བ་བྱ་ས་ལྷ་ཁང་ཡོད་པའི་ས་འདི་ཡིན་པས་བདག་ངེས་པར་ས་དེར་སོང་སྟེ་སྤྲེའུ་ཕྲུག་རྣམས་མི་རུ་གྱུར་པའི་གནས་དེར་ལྟ་འདོད་བྱུང་། དེ་ནས་ལྷོ་ཁ་ནས་ཐག་ཤིན་ཏུ་ཉེ་སྟེ་ཐད་ཀར་དུ་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་འདུག
     ད་ལྟ་དེ་ན་ལྷ་ཁང་ཆུང་ངུ་ཞིག་མ་གཏོགས་མེད་ཅིང་། སྔོན་ཆད་ནགས་མ་བྱ་ཚོགས་ཅན་ཞེས་ནགས་ཀྱིས་ཁྱབ་ཅིང་སིལ་ཏོག་མོད་པའི་ས་དེ་རེད་ཅེས་ན་སུ་ཞིག་གི་རྣ་བར་འགྲོའམ། བྱ་ས་ཞེས་པ་འདི་ལ་ངོ་སྤྲོད་ཀྱི་ཡི་གེ་མང་བོར་ལོ་ལྟར་བོད་དུ་ཁུ་བྱུག་ཐོག་མར་ཕེབས་ས་དེ་ཡིན་པས་བྱ་ས་ཞེས་ཟེར་ཞེས་འགྲེལ་ཡོད་མོད། ངའི་སེམས་སུ་བྱ་ས་ཞེས་པ་འདི་ངེས་པར་སྔོན་གྱི་ནགས་མ་བྱ་ཚོགས་ཅན་ཞེས་པ་དེ་དང་འབྲེལ་བ་ཡོད་པར་འདོད། ཡིན་ན་ཡང་། ངོ་སྤྲོད་དུ་སྔོན་སྡེ་བ་གཞུང་ནས་ལོ་ལྟར་དྲུང་སྐྱ་སེར་གཉིས་བཏང་ནས་བོད་ཟླཚེསཉིན་གནས་དེར་སྦྱར་སྡོང་ཆེན་པོ་ཞིག་ཡོད་པའི་འོག་ཏུ་ཕྱེ་མར་སོགས་སྒྲིག་གཤོམ་གནང་སྐབས་བྱ་ཐམས་ཅད་ས་ལ་བབས། དེ་ནས་ཁུ་བྱུག་གིས་ཕྱེ་མར་མཆོད་པ་སོགས་གནང་གི་ཡོད་ཟེར།
     འོན་ཀྱང་གནས་འདིར་ཅིའི་ཕྱིར་བྱ་ལ་མཆོད་དགོས་པ་དེ་བཤད་མེད། གནས་འདི་ཁོ་ནར་བྱ་ལ་མཆོད་པ་བྱེད་པ་དེ་ནི་རང་རེའི་མེས་པོ་བྱ་ཚོགས་ཡོད་པའི་གནས་འདིར་བྱུང་བ་ལ་འབྲེལ་བ་ཡོད་པ་ཞིག་མིན་ནམ། ངས་འདི་ལྟར་བསམ་བཞིན་བྱ་སྤྲེལ་གཏམ་རྒྱུད་དྲན་བྱུང་། བྱ་སྤྲེལ་གཏམ་རྒྱུད་ཀྱི་སྔོན་མའི་རང་རེའི་མེས་པོ་རྣམས་འདི་རུ་སྡོད་དུས་ཀྱི་ལོ་རྒྱུས་ཤིག་མཚོན་པ་མིན་ནམ་བསམ་བྱུང་།
     ཅིའི་ཕྱིར་འདིར་ལྷ་ཁང་ཞིག་བཞེངས་པ་ཡིན་ནམ། ངས་བསམ་པར་བོད་དུ་ལྷ་ཁང་བཞེངས་ཡོད་པ་ཐམས་ཅད་ལ་ལོ་རྒྱུས་ཀྱི་གནའ་ཤུལ་གལ་ཆེན་རེ་ཡིན་པ་འདི་ལ་བསམ་ན་བྱ་ས་ལྷ་ཁང་ཡང་སྔོན་གྱི་ལོ་རྒྱུས་ལ་རྗེས་དྲན་བྱེད་པའི་ལྷ་ཁང་ཞིག་ཡིན་པ་གདོན་མི་ཟ་སྙམ།
     ལྷ་ཁང་འདིའི་མིང་བྱ་ས་གསེར་གྱི་ལྷ་ཁང་ཟེར་ཞིང་ཆོས་རྒྱལ་མངའ་བདག་ཁྲི་རལ་གྱིས་བཞེངས་ཟེར་ཞིང་ལ་ལས་ཆོས་རྒྱལ་དཔལ་འཁོར་བཙན་ཟེར། སྔོན་ལྷ་ཁང་ཐོག་སོ་གསུམ་ལྡན་ནང་སྐུ་རྒྱུ་ལི་ལས་གྲུབ་པའི་སངས་རྒྱས་རྣམ་པར་སྣང་མཛད་ཐོག་སོ་གཉིས་ལྡན་ཅན་དང་། ཐུབ་དབང་གསུང་འབྱོན་མ་སོགས་ཡོད་ཀྱང་རིག་གསར་གྱིས་རྩ་མེད་དུ་བཏང་། ད་ལྟ་གསར་བཞེངས་ལྷ་ཁང་ཆུང་ངུའི་ནང་མཁན་སློབ་ཆོས་གསུམ་གྱི་འཇིམ་སྐུ་གསར་བཞེངས་གནང་བ་དང་། སྔོན་གྱི་རྣམ་སྣང་གི་ཕྱག་མཛུབ་གཅིག་སོགས་ཡོད་ཟེར།
     ནགས་མ་བྱ་ཚོགས་ཀྱི་ནགས་ཚར་ཞིང་སྤྲེའུ་ཕྲུག་དག་གི་རྐང་རྗེས་ཡལ་འདུག་མོད། ངའི་སྣང་བ་ཞིག་ལ་བྱ་ས་ལྷ་ཁང་གི་ལྷའི་བློ་གྲོས་དེ་ཡུལ་མི་རྣམས་ཀྱི་སྙིང་དུ་ཞུགས་འདུག་པ་འདྲ།
3
     ལྷོ་ཁའི་ས་མིང་སྐོར་ཞིག་འགྲོ་བ་མིའི་བྱུང་བའི་ལོ་རྒྱུས་དང་འབྲེལ་ཡོད། དཔེར་ན་ཡར་ལུང་ཞེས་པའང་སྤྲེའུ་རྣམས་ཀྱིས་མུ་གེ་ཡལ་བའི་ལུང་བ་ཡིན་པས་ཡར་ལུང་ཟེར་ཞིང་། ཟོ་ཐང་ཞེས་པ་ཡང་མ་རྨོས་པའི་ལོ་ཏོག་ཟོ་ཞེས་པའི་བརྡ་ལས་ཆགས། ད་དུང་རྩེད་ཐང་ཞེས་པ་ཡང་སྤྲེའུ་ཕྲུག་རྣམས་རྩེད་མོ་རྩེ་བའི་ས་ཡིན་པས་རྩེད་ཐང་དུ་བཤད། ལོ་རྒྱུས་མཚོན་པའི་ཐ་སྙད་འདི་དག་ཐོས་མ་ཐག་ཏུ་ལོ་རྒྱུས་སུ་བཀོད་པའི་ཡུལ་ལ་སྔ་བ་ཡར་ལུང་སོག་ཀ་རུ། །ཞིང་ལ་སྔ་བ་ཟོ་ཐང་ཞེས་པའི་ཚིག་དེ་དྲན་ཡོང་།
     ཟོ་ཐང་མགོན་པོ་རི་ནས་རྩེད་ཐང་ལ་རྒྱང་ལྟ་བྱེད་ཀྱིན་སྔོན་གྱི་སྤྲེའུ་ཕྲུག་དེ་དག་ལ་ཕྱིར་དྲན་བྱས་པ་ཡིན། གནས་འདི་རུ་སྤྲེའུ་ནས་མཆེད་པའི་མེས་པོ་རྣམས་ཀྱི་རྔུལ་ཆུ་དང་ཁྲག་ཐིགས་ཐིམ་པ་དང་། ཆར་རླུང་གི་གདོང་བསུ་བའི་ལོ་ཟླ་དེ་དག་དྲན་བཞིན་ང་ཡང་སྤྲེའུ་ཕྲུག་དེ་དག་གི་ཁྲོད་དུ་ཡོད་པའི་སྣང་བ་བྱུང་།
     གཞན་གྱིས་བཤད་པ་ལྟར་ན་ཟོ་ཐང་མགོན་པོ་རིའི་ཤར་ལྷོའི་མཚམས་དེར་མེས་པོ་རྣམས་ཀྱི་ཞིང་འདེབས་པའི་གནས་ཡིན་ཟེར་ལ་ད་ལྟ་ཡང་ཞིང་ཤུལ་གྲུ་ནར་ཅན་མང་བོ་མཐོང་རྒྱུ་ཡོད་ཟེར་ཀྱང་། བདག་གིས་མིག་གིས་རྒྱང་མཐོང་ལས་བལྟས་ཀྱང་ཅི་ཡང་མ་མཐོང་། ས་འདིའི་མིས་སྦར་རས་ཞིང་ངམ་ཟོ་ཐང་ཞིང་ནི་རྩེད་ཐང་གྲོང་རྡལ་གྱི་ནུབ་བྱང་མཚམས་སུ་ཡོད་པའི་ཟ་ར་གྲོང་ཚོའི་བྱང་ངོས་ཡར་ལུང་གཙང་བོའི་ཉེ་འགྲམ་དུ་གནས་ཤིང་། ཞིང་འདིའི་མིང་ལ་སྦར་རས་ཞིང་དང་། ཟོ་དང་ཞིང་ཞེས་བཤད་སྲོལ་གཉིས་ཡོད་ཟེར།
     དེ་ཡང་ནགས་མ་བྱ་ཚོགས་ནས་སྤྲེའུ་མང་དུ་འཕེལ་བས་ཤིང་འབྲས་སོགས་ཟས་ཚར་ཏེ་བཀྲེས་ལྟོགས་ཀྱིས་མནར་བ་ན། སྤྲེའུ་རྒན་གྱིས་སྤྱན་རས་གཟིགས་ལ་གསོལ་བ་སྨོན་ལམ་བཏབ། སྤྱན་རས་གཟིགས་ཀྱིས་རི་རབ་ངོས་ནས་གྲོ་ནས་སྲན་བྲ་བོ་བཅས་འབྲུ་སྣ་ལྔའི་ས་བོན་བླངས་ནས་གནས་དེར་གཏོར་བས་མ་རྨོས་ལོ་ཏོག་ཐོག་མར་སྨིན། སྤྲེའུ་རྒན་གྱིས་སྤྲེའུ་ཕྲུག་རྣམས་དེར་ཁྲིད་དེ་ཞིང་བསྟན་ནས་ཟོ་དང་། ཞེས་བརྗོད་པས་ཟོ་དང་ཞེས་ཐོགས་ཤིང་། སྤྲེའུ་ཕྲུག་རྣམས་ཀྱིས་ས་དེར་སྦར་རས་བརྒྱབ་ཤུལ་དུ་ཞིང་ཆགས་པས་སྦར་རས་ཞིང་ཞེས་ཟེར་སྐད། དེ་ལྟར་ན་དེ་ནི་བཤད་སྲོལ་གཅིག་ཡིན་པ་ལས་མི་མཐུན་པ་ག་ལ་ཡིན།
     འབྲུ་རིགས་སྣ་ལྔའི་འཕེལ་ཁ་རྒྱས་པའི་ཞིང་ཁ་འདི་བོད་ཀྱི་ཞིང་གང་ཞིག་ལས་ཀྱང་རྩ་ཆེན་ཞིག་ཏུ་བསམ་ཡོད་ལ། བྱིན་རླབས་ཀྱི་ཚན་ཁ་འབར་བ་ཞིག་ཀྱང་ཡིན་ངེས། དེ་མིན་ན་བོད་ཀྱི་ས་ཕྱོགས་གཞན་གྱི་སོ་ནམ་པ་མང་བོས་ཀྱང་དེའི་ནང་ནས་ས་ཕུད་འཁྱེར་ཕྱིན་ཏེ་རང་གི་ཞིང་ནང་གཏོར་ནས་ལོ་ལེགས་ཡོང་བའི་རྟེན་འབྲེལ་དང་སྨོན་ལམ་འདེབས་ག་ལ་སྲིད། ལྷག་པར་རྩེད་ཐང་ཁུལ་གྱི་དཔྱིད་འདེབས་ཀྱི་རྟེན་འབྲེལ་དེ་ཞིང་དེའི་སྟེང་བྱས་ཏེ། ཆར་ཆུ་དུས་སུ་འབབ་ཅིང་ལོ་ཡག་འཕེལ་ཁ་དར་བའི་རྟེན་འབྲེལ་གཟབ་རྒྱས་བྱེད་ཀྱིན་ཡོད་འདུག
     མི་རིགས་གང་ཞིག་ལ་འདི་ལྟ་བུའི་ཁྲེལ་གཞུང་ཡོད་དམ། སྤྱན་རས་གཟིགས་ཀྱིས་གནང་ན་ཡང་འདྲ། སྤྲེའུ་རྒན་གྱིས་གནང་ན་ཡང་འདྲ། བོད་ཀྱི་ཞིང་ས་དང་བོ་འདི་ལ་ལྷས་བྱིན་གྱིས་བརླབས་ཤིང་། མིས་བློ་གྲོས་ཀྱིས་བསྐྱངས་ཡོད་པ་འདྲ། ལྷག་པར་ཞིང་འདི་ནི་སྤྱན་རས་གཟིགས་ཀྱི་བཀའ་དྲིན་དང་མཚུངས་ལ། སྤྲེའུ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་དང་ཡང་འདྲ། ཁོང་གི་བཀའ་དྲིན་ད་དུང་བོད་མི་རིགས་ཀྱིས་བརྗེད་མེད་པའི་ཁར་ཞིང་གི་ས་བོན་བྱང་ཕྱོགས་པོ་ཏ་ལ་ནས་འཁྱེར་ཡོང་བའི་ལྷའི་ཞིང་དུ་བསམ་ཡོད།
     དགུང་མོ་ངས་ཟ་ཁང་ཞིག་ཏུ་ཟ་མ་ཟ་བཞིན་པའི་དུས་སུ་ན་གཞོན་ཞིག་གིས་གུས་གུས་ཞུམ་ཞུམ་གྱིས་བདག་ལ་སྒོར་མོ་བསླངས་བྱུང་། ངས་ཁོ་ལ་ཞིབ་ཏུ་ལྟ་དུས་ཁོ་ནི་སྔོན་གྱི་སྤྲེའུ་ཕྲུག་ལེ་ལོ་ཅན་ཞིག་གི་རྣམ་ཤེས་ཡིན་པ་ལྟ་བུའི་སྣང་བ་ཞིག་སྐྱེས་བྱུང་བས་ཡི་མུག་ཅིག་སྐྱེས་ལ་སྙིང་རྗེ་ཞིག་ཀྱང་སྐྱེས་བྱུང་། ད་དུང་སྤྲེའུ་ཕྲུག་སྐོར་ཞིག་གིས་ཅི་ཞིག་བྱེད་ཀྱིན་ཡོད་སྙམ་ནས་སེམས་འཁུར་ཞིག་ཀྱང་ངང་གིས་སྐྱེས་བྱུང་།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...