སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མདོ་ཁམས་གནས་མཆོག་ལྷག་ཟླ་རི་བོ་བྱ་རྐང་།
རྩོམ་པ་པོ། དཔལ་ཡུལ་དམངས་ཁྲོད་རིག་གནས་འཚོལ་བསྡུ་མཐུན་ཚོགས། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-1-21 10:04:00 རྩོམ་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། ཀློག་གྲངས།

      མདོ་ཁམས་གནས་མཆོག་ལྷག་ཟླ་རི་བོ་བྱ་རྐང་གི་ལོ་རྒྱུས་མདོར་ཙམ་གླེང་བར་ལགས་ན། སྤྱིར་མདོ་ཁམས་གནས་མཆོག་རི་བོ་བྱ་རྐང་གནས་རི་འདི་ཡོད་སའི་ས་གནས་སྤོ་འབོར་སྒང་གི་ཁོངས་སུ་གཏོགས་ཡོད་པའི་དཔལ་ཡུལ་རྫོང་འབའ་རོང་ཞེས་པའི་ཡུལ་ཕྱོགས་དེར་ཡོད་ལ། དེ་ནི་མཁས་གྲུབ་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་མཆོག་ཁྱད་པར་ཅན་ཞིག་ཡིན་པར་མ་ཚད་ཨོ་རྒྱན་སངས་རྒྱས་གཉིས་པ་གུ་རུ་པདྨ་འབྱུང་གནས་ཀྱིས་བྱིན་རླབས་མཛད་སའི་གནས་མཆོག་ངོ་མཚར་ཅན་ཞིག་ཡིན་བསྙད་སྲོལ་འདུག   གནས་རི་འདི་མི་རྒྱུས་མེད་ཅིག་གིས་མཐོང་ཚེ་ཡིད་སྨོན་འཆོར་ས་ཞིག་གམ་ཡིད་དབང་འཕྲོག་སའི་གནས་མཆོག་ཅིག་ཏུ་ངོས་འཛིན་ཏན་ཏན་བྱེད་ཆོག་པ་ཞིག་རེད།
     “མཆོག་སྤྲུལ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་རི་བོ་བྱ་རྐང་གི་གནས་ཡིག་ནང་ལ། སྤྱིར་གནས་རི་འདི་ནི་རི་གཞན་དང་མི་མཚུངས་པ་དབྱིབས་དང་བཀོད་པ་ཁོར་ཡུག་གི་མཛེས་ལྗོངས་ཐམས་ཅད་ཁྱད་པར་འཕགས་པ། ཤར་ཕྱེ་བ་ལྷོ་སྤུངས་པ་ལ་སོགས་པའི་ཀ་བཞི་དང་སྲུང་བཞི་སོགས་ས་དཔྱད་ཀྱི་ཡོན་ཏན་ཐམས་ཅད་ཚང་ཞེས་གསུངས།”སྤྲུལ་པའི་གཏེར་སྟོན་ཆེན་པོ་ངག་དབང་དབྱངས་ཅན་ཀློང་གྲོལ་ཡེ་ཤེས་སྙིང་པོས། ལྷག་ཟླ་ནོར་བུ་བྲག་ལ་མངའ་མཛད་པའི།། བླ་མ་རིག་འཛིན་ཡི་དམ་ཌཱཀྐི་གནས།།  ཞེས་པ་དང་། གནས་ཡིག་གཞུང་ལས།“གནས་ཆེན་ཉེར་ལྔ་གནས་ཕྲན་སྟོང་རྩ་སྤྱིར༔བྱེ་བྲག་གངས་ལྗོངས་གནས་ཀྱི་ཡོན་ཏན་ཀུན༔སྦས་ཡུལ་ཌཱཀྐིའི་འདུ་རྫོངས་བཀའ་བརྒྱད་གནས༔ནང་གནས་མ་མོ་རྦོད་གཏོང་ལྷ་ཡི་ཚོགས༔གསང་བ་ཐེག་དགུའི་ཡང་རྩེ་ཨ་ཏིའི་གནས༔ལྷག་ཟླ་ནོར་བུ་བྲག་དཀར་མཚན་ཡང་གསོལ༔”ཞེས་དང་། གཞན་ཡང་བྱ་རྐང་འདི་རྒྱལ་ཚབ་མ་ཕམ་བྱམས་པ་མགོན་པོའི་གནས་རི་ཡིན་གསུངས་ནས་སྒྲུབ་ཁང་ནང་དུ་བྱམས་པའི་སྐུ་བརྙན་བྱིན་ཅན་ཅིག་ཀྱང་བཞེངས་ཡོད། གནས་རི་འདིའི་གཡས་གཡོན་གྱི་སྒྲུབ་ཕུག་ངོས་ལ་ཞབས་རྗེས་དང་ཕྱག་རྗེས་མང་དུ་མཇལ་རྒྱུ་ཡོད་པར་མ་ཟད་སིན་རྡུ་ར་ལས་གྲུབ་པའི་ཡི་གེ༔ཧཱུྃ༔དང་ཨོྃཨཧཱུྃ༔བདྷིཧཱུྃཕཊ། ཨོྃ་བཛྲཔཱཎི་ཧཱུྃ།མཎི། ཨོྃ་ཨ་ཧྲཱི། སོགས་དང་ཨོྃ་རང་བྱོན་རང་འབུར་ངོ་མཚར་ཅན་ཤིན་ཏུ་མང་། གུ་རུའི་ཆོས་གོས་རང་རི་མོ་བཀྲ་བ། གེ་སར་སྐུའི་རང་བྱོན་དང་རྡོ་ལ་རྐྱང་རྒོད་ཞབས་རྗེས། དུང་དཀར་གཡས་འཁྱིལ། འཇམ་དཔལ་རལ་གྲི་སོགས་རང་བྱོན་གྲངས་ལས་འདས་པ་ཞིག་ཡོད་པས་འདིར་ཡོངས་རྫོགས་བཀོད་མེད་པས་ཞིབ་མོར་གཟིགས་འདོད་ན་མཆོག་སྤྲུལ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི《ལྷག་ཟླ་རི་བོ་བྱ་རྐང་དང་སྒོམ་ཕུག་གནས་ཡིག》ཅེས་པའི་གནས་ཡིག་ནང་གཟིགས་དང་གནས་འདིའི་ཕྱི་ནང་གསང་གསུམ་གྱི་ལོ་རྒྱུས་མ་ལུས་པ་མཐོང་ཐུབ།
     གནས་མཆོག་དེར་སྒྲུབ་ལ་བཞུགས་པའི་སྐྱེས་ཆེན་དག་གི་མཚན། པདྨ་མི་འགྱུར་གླིང་པ། གྲུབ་བརྙེས་དཀོན་མཆོག་སྐྱབས།མཁས་གྲུབ་དཀོན་བཟང་བསྟན་འཛིན། སྡོམ་བརྩོན་དཀོན་མཆོག་སྐྱབས། ཡང་སྤྲུལ་རིག་འཛིན། ཡ་རུང་མཆོག་སྤྲུལ་སོགས་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བའི་སྐྱེས་ཆེན་རྣམས་ཡིན། གཞན་གནས་རིའི་ཉེར་ཁོར་དུ་རི་དྭགས་ཤྭ་བ་དང་། གླ་བ། རྒོ་བ། ཁ་ཤྭ། འདབ་ཆགས་བྱ་རིགས་སོགས་ཤིན་ཏུ་འཛོམས་སྟབས་རྒྱལ་ཁབ་རིམ་པས་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་ངོས་འཛིན་བྱེད་ཀྱིན་འདུག་གོ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...