སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལྗང་མདོག་གི་ནེམ་ཐིག་བབས་པའི་གླང་ཆེན་བྱེ་སྣ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-8-5 9:38:00 རྩོམ་ཁུངས། མཚོ་ལྷོ་བོད་ཡིག་སྨྱན་གསར། ཀློག་གྲངས།
     ཀོས་ནན་རྫོང་ལ་མི་གྲངས་ཁྲི་བརྒྱད་ལྷག་ཡོད་ཅིང་། གནའ་ནས་ད་ལྟའི་བར་དུ་ཞིང་ཕྱུགས་གཉིས་ནི་ས་གནས་དེའི་རྒྱུན་སྡོད་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་རྟེན་གཞི་གཙོ་བོར་གྱུར་ཡོད།  དེ་བས་ཤིན་ཏུ་སྔ་མོ་ཞིག་ནས་བཟུང་སྟེ་ཡུལ་དེའི་འབྲོག་ས་དག་ཏུ་རྩྭ་ཆུ་ཕུན་སུམ་ཚོགས་པས་ཕྱུགས་ཀྱི་འཕེལ་ཁ་དར་ཞིང་།དམའ་བ་རོང་ས་དག་ཏུ་ཆར་ཆུ་དུས་སུ་བབས་པས་འབྲུ་ལ་ལོ་ལེགས་བྱུང་སྟེ།ཡུལ་དེའི་མི་རྣམས་དགའ་སྐྱིད་དཔལ་གྱི་འཚོ་བས་དུས་འདའ་བར་བྱེད། ཡིན་ནའང་ཀོས་ནན་རྫོང་མཁར་དང་ཆེས་མི་རིང་བའི་ཤར་ཕྱོགས་སུ་ཆགས་ཤིང་། ཡོངས་གྲགས་སུ་མུ་གེ་ཐང་དུ་འབོད་པའི་བྱེ་མའི་ཐང་ཆེན་པོ་དེའི་བྱེ་མའི་བཞུར་རྒྱུན་གྱིས་ཉེ་འཁོར་གྱི་རྩྭ་ས་དང་ཞིང་ས་སོགས་ལ་ཉེན་ཁ་ཆེན་པོ་བཟོས། 
     ལྷག་པར་དུ་ལོ་རེ་བཞིན་དགུན་དཔྱིད་ཀྱི་དུས་སུ་ཐོན་དུས།བྱེ་རླུང་དང་བསྡོངས་པའི་རླུང་རྒྱུན་དམར་པོ་དེས་ཉེ་འགྲམ་གྱི་ཡུལ་མི་རྣམས་ཀྱི་འཚོ་བར་འཇིགས་ཉེན་དང་བར་ཆད་ཆེན་པོ་བཟོ་བཞིན་ཡོད་པར་མ་ཟད། རླུང་གིས་བདས་པའི་བྱེ་མའི་བཞུར་རྒྱུན་དྲག་པོས་གླང་ཆེན་བྱེ་སྣའི་གཡས་གཡོན་གྱི་གཞུང་ལམ་སྟེང་གི་རླངས་འཁོར་དག་གི་འགྲོ་ལམ་ཡང་ཁེགས་པར་བྱེད་པས་ལམ་འགྲོ་བ་དག་ལའང་དུས་རྒྱུན་དུ་དཀའ་ལས་ཆེན་པོ་བཟོ་བཞིན་ཡོད། དེ་འདྲའི་གནས་ཚུལ་ཚབས་ཆེན་ལ་གཞིགས་ཏེ།ལོ་རབས་དགུ་བཅུ་བའི་སྨད་ཙམ་ནས་བཟུང་ཀོས་ནན་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་བྱེ་འགོག་བྱེ་བཅོས་ཀྱི་སྙིང་སྟོབས་དར་སྤེལ་བྱས་ཏེ།འཆམ་མཐུན་མཛེས་སྡུག་གི་ཀོས་ནན་འཛུགས་སྐྲུན་བྱེད་པའི་སྙིང་སྟོབས་དེ་རྫོང་དེའི་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་དར་སྤེལ་བྱས་པ་དང་། ཞིང་ཆེན་དང་ཁུལ་སོགས་གོང་རིམ་འབྲེལ་ཡོད་སྡེ་ཁག་དག་ལ་འབྲེལ་འདྲིས་བྱས་ནས་བྱེ་འགོག་བྱེ་བཅོས་བྱེད་པའི་ཐད་དུ་མ་དངུལ་མང་པོ་བརྩོན་ལེན་བྱས་ནས། ལོ་རེ་བཞིན་དུ་ས་གནས་དེའི་ལས་བྱེད་པ་དང་མང་ཚོགས་སྟོང་ཕྲག་མང་པོ་མ་སྐུལ་རང་འགུལ་སྒོས་སྡོང་འཛུགས་ནགས་སྐྲུན་བྱེད་པའི་བྱ་བའི་ཁྲོད་ཞུགས་ཏེ། བྱེ་འགོག་བྱེ་བཅོས་ཀྱི་འཐབ་སའི་བཙན་རྫོང་བསྐྲུན། 
     ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་སྟོབས་ལྡན་གྱི་མགོ་ཁྲིད་འོག ཀོས་ནན་རྫོང་གི་རྒྱ་ཆེའི་ལས་བྱེད་པ་དང་མི་དམངས་མང་ཚོགས་ཀྱིས་ཕ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དྲག་པོས།སྲིད་གཞུང་གི་ལས་ཁུངས་དང་སྡེ་ཁག རྒྱ་ཆེ་རོང་འབྲོག་མང་ཚོགས་བཅས་ཀྱིས་མཐུན་སྒྲིལ་གྱི་དཔུང་རྡང་གཅིག་ཏུ་སྦྲེལ་ཞིང་།ལྷག་པར་དུ་ཕ་ཡུལ་གྱི་སྣོད་བཅུད་མིག་འབྲས་བཞིན་སྲུང་སྐྱོབ་བྱེད་མཁན་གྱི་མི་སྒེར་ལྷག་བསམ་ཅན་སྐོར་ཞིག་གིས་མི་ལོ་ཉི་ཤུ་ཙམ་གྱི་དུས་ཡུན་ནང་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས།རང་བྱུང་ཁམས་ཆེན་མོར་འདུལ་སྦྱོང་བྱེད་པའི་དཀའ་སྡུག་གི་རྔུལ་ཆུ་རེ་རེ་མྱ་ངམ་གྱི་བྱེ་ཐང་དེ་ལ་ཕངས་མེད་དུ་གཏོར།བྱེ་ཐང་དེ་ལ་བཏབ་པའི་ཕུགས་འདུན་གྱི་ས་བོན་རྡོག་པོ་རེ་རེར་ད་ལྟ་ཚེ་སྲོག་གི་གསོན་ཤུགས་རྒྱས་ཤིང་འབྲས་བུ་ཡི་ལོ་འདབ་ཕང་ཕུང་དུ་གཡོ་བས།གླང་ཆེན་བྱེ་སྣ་ནི་གཞི་ནས་ལྗང་མདོག་གི་ཡུལ་གྲུ་ཡིད་དུ་འོང་བ་ཞིག་ཏུ་གྲུབ་ཡོད།
     དེ་རིང་ང་ཚོས་མཉམ་གཅིག་ཏུ་གླང་ཆེན་བྱེ་སྣའི་ལྗོངས་གཟིགས་སྟེགས་བུའི་སྟེང་ནས་ཕྱོགས་བཞིར་ལྟ་དུས།ང་རང་ཉིད་ལ་མཚོན་ན་གླང་ཆེན་བྱེ་སྣའི་འདས་ཟིན་གྱི་གནས་བབ་ལ་རྒྱུས་ལོན་ཅུང་ཞིབ་མོ་ཡོད་མཁན་ཞིག་ཡིན་པའི་ཆ་ནས། སྨྲ་བསམ་བརྗོད་འདས་ཀྱི་སྤྲོ་སྣང་ཞིག་ངའི་སེམས་ཀྱི་གཏིང་རིམ་ལ་དྲོད་ཀྱིས་འཁྱིལ་འོང་གིན་འདུག་སྟེ། དབྱར་ཟླ་བདུན་པའི་མཐོ་སྒང་འདིའི་མཁའ་དབྱིངས་དྭངས་ཤིང་གཙང་ལ། བསིལ་རླུང་གི་རྒྱུ་བས་བཏེགས་པའི་སྤྲིན་དཀར་གྱི་འདབ་མ་རེ་གཉིས་ལྷོད་ཀྱིས་འཕྱོ་བའི་འོག་རོལ་ཏུ།ངའི་བག་ཆགས་ཁྲོད་ཀྱི་འདས་པའི་བྱེ་ཐང་སྐྱ་བོ་དེ།  ད་ལྟ་གཞི་ནས་ལྗང་མདོག་གི་གླིང་ཕྲན་ཆུང་ཆུང་ཞིག་ཏུ་གྲུབ་འདུག་པར་མ་ཟད། རྫོང་མཐུག་ཅིང་གཡུ་ལོ་ཤམ་ཤམ་གཡོ་བའི་ལྡིང་ཁང་གི་ངོགས་སུ་སྤུ་སྡུག་བྱ་རིགས་ཚོགས་ཀྱིས་མགྲིན་དབྱངས་ཅི་དགར་སྒྲོག་པ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་་རླབས་རྒྱུན་འོགའཆམ་མཐུན་མཛེས་སྡུག་གི་ཀོས་ནན་མི་དམངས་གོམ་སྟབས་ཆེན་པོས་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པའི་རྒྱལ་ཁའི་གླུ་དབྱངས་ལེན་པའི་གདངས་དབྱངས་དང་འདྲ་བྱུང་།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...