སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འབྲི་ཆུའི་ཆུ་འགོའི་རྫོང་དང་པོའི་སྣོད་བཅུད་འཕེལ་རྒྱས་ཀྱི་གདམ་ག
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-9-17 11:22:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།
     ཟླ9པའི་ཟླ་དཀྱིལ་གྱི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་གནམ་གཤིས་ནི་སྐབས་འགར་གནམ་མཁའ་དྭངས་ཞིང་སྐབས་འགར་ཆར་པ་བབ་པ་དང་། ཆར་རྗེས་རྟག་ཏུ་འཇའ་ཚོན་ཤར་ནས་གཞུ་དབྱིབས་ཀྱི་ཟམ་པ་ལྟར་ས་གཞི་སྦྲེལ་གྱི་ཡོད། འབྲི་ཆུ་ཤང་ཐང་དཀར་གྲོང་ཚོའི་གྲོང་མི་ངག་དབང་ཤེས་རབ་ཀྱིས་བེའུ་རྒྱགས་སུ་བཅུག་རྗེས། ཆར་རྗེས་ཀྱི་མཁའ་རླུང་གཙང་མ་ཞིག་རྔུབ་ནས་རང་ཁྱིམ་གྱི་སོ་ཕག་ཁང་པའི་ཕྱོགས་སུ་བསྐྱོད། ཁོང་གི་རྒྱབ་ཀྱི་ཐག་མི་རིང་བའི་སར་ཝ་མོ་ཞིག་གིས་ཆུ་ཕྲན་འགྲམ་དུ་ཆུ་འཐུང་ཚར་རྗེས། ག་ལེར་སྤང་རིའི་ཕྱོགས་སུ་བསྐྱོད།
     གཙང་གསུམ་ཆུ་འགོའི་དབུས་སུ་གནས་ཤིང་ཆ་སྙོམས་ས་བབ་སྨི་4500ཡོད་པའི་འབྲི་ཆུའི་ཆུ་འགོའི་རྫོང་དང་པོ་ནི“ཁོར་ཡུག་སྲུང་སྐྱོང་དམག”རྒྱལ་བཟང་བསོད་ནམས་དར་རྒྱས་ཀྱི་སྐྱེས་ཡུལ་དང་ལས་ཀ་བྱེད་ཡུལ་ཡིན། ཁོང་གིས་ཚེ་སྲོག་ལ་བརྟེན་ནས་སྲུང་སྐྱོང་བྱས་པའི་ཨ་ཆེན་གངས་རྒྱལ་དེ་ད་ཆ་འཛམ་གླིང་ཤུལ་བཞག་ཡིན་ལ། ངག་དབང་ཤེས་རབ་སོགས་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་མི་སེར་ཚོས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པའི་མཆོག་ནོར་ཞིག་ཀྱང་ཡིན།
     སྣོད་བཅུད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་བསྟུན་ནས་གྲོང་མི་ཚོར་ཡང་སེམས་ཁྲལ་གསར་པ་བྱུང་སྟེ། དྲེད་མོང་གིས་འཚོ་བར་གནོད་འཚེ་བཟོས་པ་དེ་རེད། ཐང་དཀར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨ་མདོ་ཚེ་རྡོ་རྗེས་ཉེ་བའི་ལོ་ཤས་རིང“དྲེད་མོང་གི་གནོད་འཚེ”ཇེ་མང་དུ་ཕྱིན་པ་དང་། སྐབས་འགར་དྲེད་མོང་གིས་ཡུལ་མིའི་ཁྱིམ་དུ་ལྟོ་འཚོལ་བར་ཡོང་བའམ་ཡང་ན་ནོར་ལུག་ལ་འཇབ་རྒོལ་བྱེད་པ་དང་། མིར་འཇབ་རྒོལ་བྱེད་པའི་གནས་ཚུལ་ཡང་ཐོན་གྱི་ཡོད་ཅེས་བརྗོད།
     ངག་དབང་ཤེས་རབ་ཁྱིམ་གྱི་ཡུལ་གཞན་དུ་གནས་སྤོས་བྱས་པའི་སྡོད་ཁང་གསར་པའི་སྒོ་རའི་གྱང་གི་མཐོ་ཚད་ལ་སྨི་2ཡོད་པ་མ་ཟད། ད་དུང་ལྕགས་སྒོ་ཆེན་པོ་ཞིག་ཀྱང་ཡོད་པས། འབྲི་སྟོད་རྫོང་འབྲི་ཆུ་ཤང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ངག་ཚེ་རིང་གིས“དེ་ལྟར་བྱས་ན་དྲེད་མོང་གི་གནོད་འཚེ་འགོག་ཐུབ་པ་མ་ཟད་འབྲོག་པའི་ཚེ་སྲོག་དང་རྒྱུ་ནོར་ལའང་བདེ་འཇགས་ཡོང་ཐུབ”ཅེས་བཤད།
     གྲོང་མི་ཚོས་དྲེད་མོང་ལ་དགའ་པོ་བྱེད་ལ་འཁོན་འཛིན་ཡང་བྱེད་ཀྱི་ཡོད་ཅེས་ཟེར་ཆོག དགའ་བ་ནི་དེ་དག་གི་གྲངས་འབོར་མང་དུ་ཕྱིན་པ་ལས་ཁོར་ཡུག་སྲུང་སྐྱོང་ནུས་ལྡན་བྱུང་བ་དང་སྣོད་བཅུད་ལེགས་སུ་ཕྱིན་པ་མཚོན་གྱི་ཡོད་པས་སོ།། འཁོན་འཛིན་བྱེད་པ་ནི་དྲེད་མོང་གིས་ཁྱེར་ཡོང་བའི་གཏོར་བརླག་དེ་དུས་ཡུན་ཐུང་ངུའི་ནང་ཐག་གཅོད་བྱེད་དཀའ་པས་སོ།། དེར་བརྟེན། འབྲོག་པ་ལ་ལས་འབྲོག་རའི་ནང་གི་ཁང་པའི་སྒོ་དང་སྒེའུ་ཁུང་ཚང་མ་ཕྱེ་ནས་ནང་ལ་ཟ་རྒྱུ་ཏོག་ཙམ་འཇོག་གི་ཡོད། དེ་ལྟར་བྱས་ཚེ་དྲེད་མོང་གིས་ཟས་ཚར་རྗེས་མགྱོགས་པོ་འགྲོ་གི་ཡོད་ལ། ཁང་པའི་ནང་གཏོར་བཤིག་གཏོང་གི་མེད། འདི་ཡང་འབྲོག་པ་རྣམས་ཀྱིས་དྲེད་མོང་དང་མཉམ་གནས་བྱེད་པའི་ཐབས་ལམ་ཞིག་བརྩི་ཆོག
     སྣོད་བཅུད་ཉམས་ཞན་གྱི་གཙང་གསུམ་ཆུ་འགོའི་ས་ཁུལ་དུ། དོ་སྙོམས་ངང་མཉམ་གནས་བྱ་རྒྱུ་དེ་ཐོན་ལས་འཕེལ་རྒྱས་ཁྲོད་དུའང་མངོན་གྱི་ཡོད། རི་མཐོའི་རྩྭ་ཐང་ལ་གཏོར་སྐྱོན་ཉུང་ཙམ་ཕོག་པ་བྱས་པ་དང་གཙང་པོའི་ཆུ་སྲུང་སྐྱོང་བྱ་ཆེད། འབྲི་སྟོད་རྫོང་གིས་སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་འཕེལ་རྒྱས་གཏོང་རྒྱུ་དེ་འབྲོག་པའི་གཙོ་གནད་འབབ་འཕར་ཐོན་ལས་ཀྱི་གྲས་སུ་འཇོག་པ་རེད།
     ཐང་དཀར་གྲོང་ཚོའི་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་ཁྲེན་ཡིའུ་ཀུའེ་ཡིས་གསར་འགོད་པར་གྲོང་མི་ཚོས་ལུག་དང་། བ་གླང་། རྩྭ་དང་རི་སོགས་དངུལ་ལ་ཕབ་ནས་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་པ་དང་། མཉམ་ལས་ཁང་གིས་ཚན་རིག་དང་མཐུན་པའི་ངང་ཕྱུགས་འཚོ་བ་དང་། ལུགས་མཐུན་ངང་བཤས་གཏོང་བ། ཐོན་རྫས་རིམ་སྤོར་བྱེད་པ། ཁྲོམ་ར་སྦྲེལ་མཐུད་བྱེད་པ་སོགས་བརྒྱུད་སྣོད་བཅུད་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་གྲོང་ཚོའི་ཐུན་མོང་གི་ཡོང་འབབ་མང་དུ་འགྲོ་རྒྱུ་མངོན་འགྱུར་ཡོང་བ་བྱས་པས། གྲོང་མི་ཚོར་ཁེ་སྤོགས་བགོ་རྒྱུ་བྱུང་ཡོད། 2018ལོར་གྲོང་ཚོའི་ཐུན་མོང་གི་ཡོང་འབབ་སྒོར་ཁྲི་145ཟིན་པ་དང་ཁེ་སྤོགས་བགོ་བཤའ་སྒོར་ཁྲི་118བརྒྱབ་ཡོད། དེའི་ནང་མ་རྐང་300བཟུང་བའི་གྲོང་མི་པད་དབང་ལ་ཁེ་སྤོགས་སྒོར་62315རག་ཡོད། ལུག་33དང་འབྲི་གཡག་5ཡི་ཐོག་ནས་མ་རྐང་ནང་ཞུགས་པའི་ངག་དབང་བཀྲ་ཤིས་ཀྱིས་2017ལོར་མཉམ་ལས་ཁང་གི་མི་རེའི་ཆ་སྙོམས་ཁེ་སྤོགས་སྒོར་4233དང་དབྱར་རྩྭ་དགུན་འབུ་སོགས་ཀྱི་ཡོང་འབབ་ལ་བརྟེན་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་དཔུང་ཁག་ནས་ཕྱིར་འཐེན་བྱས་པ་ཡིན་ཞེས་བརྗོད།
     ཚན་རིག་དང་མཐུན་པ་དང་ལུགས་མཐུན་ངང་ཕྱུགས་འཚོ་བའི་སྔོན་འགྲོ་ནི་ངེས་པར་དུ་རང་བྱུང་སྣོད་བཅད་ལ་སྲུང་སྐྱོང་ནུས་ལྡན་བྱ་རྒྱུ་དེ་རེད། འབྲི་སྟོད་རྫོང་དབུལ་སྐྱོར་ཅུས་ཀྱི་ཅུས་ཀྲང་ནམ་མཁའ་དཔལ་བཟང་གིས་འབྲི་སྟོད་རྫོང་གིས་རྒྱལ་ཁབ་ཀྱི་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་གི་འཐབ་ཇུས་ངེས་གནས་ལ་རང་རྟོགས་ངང་ཞབས་འདེགས་ཞུ་རྒྱུ་དང་། རྒྱལ་བཟང་བསོད་ནམས་དར་རྒྱས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་རྒྱུན་འཛིན་བྱས་ནས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ལས་འགན་ཧུར་ཐག་སྒྲུབ་པ་དང་། དམངས་ཡོངས་སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་ནང་ཞུགས་པ། སྣོད་བཅུད་བདག་སྐྱོང་པ་དང་ནགས་ལས་བདག་སྐྱོང་པ་སོགས་སྤྱི་ཕན་རང་བཞིན་གྱི་ལས་གནས་4163(བདག་སྐྱོང་པ་རེའི་ཟླ་རེའི་ཡོང་འབབ་སྒོར་1800ཡིན་པ)ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་། བདག་སྐྱོང་མ་དངུལ་ཁྲི་8992དོན་འཁྱོལ་བཅས་བྱས་ཡོད་ཅེས་བརྗོད།
     འབྲི་སྟོད་རྫོང་གི་ཟོ་སྐྱ་དང་བྲག་དཀར་ཤང་གཉིས་ཀྱི་གྲོང་ཚོ་8ཚང་མར“དུད་ཚང་ཚང་མར་བདག་སྐྱོང་པ་རེ་བཀོད་སྒྲིག་བྱེད་པའི”དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད། དེ་སྔ་སྣོད་བཅུད་ལ་གཏོར་བཤིག་གཏོང་བའི་ཕྱུགས་འཚོ་ཐལ་དྲགས་མཁན་ད་ཆ་སྣོད་བཅུད་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོའི་འགན་འཁུར་བར་གྱུར་ཡོད། གླིང་ཁུལ་ཕྱི་ནང་གི་དུད་ཚང་དབུལ་པོའི་ཡོང་འབབ་ཀྱི་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་བ་དང་། སྣོད་བཅུད་འཛུགས་སྐྱོང་གི་ཁེ་སྤོགས་ལོ་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད།
     སྣོད་བཅུད་ཉམས་ཞན་གྱི་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གོམ་སྟབས་དེ་བས་བརྟན་དུ་གཏོང་དགོས། ས་གནས་དེས“གྲོང་ཚོ་དབུལ་པོ་3དབུལ་པོའི་གནས་ལས་ཕྱིར་འཐེན་བྱས་པ་དང་དུད་ཚང་1801གི་མི་འབོར་དབུལ་པོ་4915བརྟན་པོའི་ངང་དབུལ་སྒྲོལ་ཐུབ་པ”བྱེད་པའི་ལྟེ་བའི་དམིགས་ཚད་དེར་མུ་མཐུད་དམ་པོར་དམིགས་ཏེ། དེ་བས་ནུས་ལྡན་གྱི་བྱེད་ཐབས་དང་དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཐོག་ནས་སྣོད་བཅུད་སྲུང་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ད་ལོའི་དབུལ་ཞྭ་ཕུད་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་རྒྱུ་ཡིན་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...