སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལོ་ཀྱ་ཏུན་ནམ་བདེ་མཆོག་སྒྲུབ་ཕུག
རྩོམ་པ་པོ། གཙོས་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-9-19 11:04:00 རྩོམ་ཁུངས། ཁ་གྱའི་ཁྱུང་སྔོན་འཕྲིན་སྟེགས། ཀློག་གྲངས།

ལོ་ཀྱ་ཏུན་ནམ་བདེ་མཆོག་སྒྲུབ་ཕུག་གི་མདུན། 
ལོ་ཀྱ་ཏུན་ནམ་བདེ་མཆོག་སྒྲུབ་ཕུག་དང་གྲུབ་ཆེན་གྱི་ལོ་རྒྱུས།
     གནས་འདི་འབུམ་གླིང་ནས་རྨ་ཆུའི་སྨད་དུ་སྤྱི་ལེ40ཙམ་གྱིས་ཆོད་པའི་རྨ་ཆུའི་ཁུག་སོ་ནུབ་ཕྱོགས་སུ་ཕྱིར་དཀྱོགས་པའི་བྲག་རི་དཀན་གཟར་ཆེ་བ་ཅན་ཞིག་གི་ངོས་སུ་ཡོད་ཅིང་། ཡུན་ཅིན་རྫོང་དང་བར་ཐག་སྤྱི་ལེ6ཙམ་གྱི་ལྷོ་ཕྱོགས་ཀྱི་ལོ་ཀྱ་ཁྲན་གྲོང་ཚོར་ཡོད། མདུན་དུ་རྨ་ཀླུང་གསེར་ལྡན་མེ་ལོང་ལྟར་གསལ་དྭངས་ངེར་གཡོན་ཕྱོགས་སུ་འབབ་བཞིན་པས་མ་རྒྱུད་ཀྱི་རྩའི་ཆགས་ལུགས་སུ་འདུག། ལོ་ཀྱ་ཏུན་ལ་བོད་རྣམས་ཀྱིས་བདེ་མཆོག་བྲག་ཕུག་ཏུ་གྲགས་ཚུལ་ནི་མདོ་སྨད་ཆོས་འབྱུང་དུ། འདི་ལ་ལོ་རྒྱུས་འདྲ་མིན་འདུག་ཀྱང་། བ་སོ་རྗེ་དྲུང་གིས་མཛད་ཟེར་བའི་དཀར་ཆག་དང་། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་གསུང་མཐུན་པར་ཕམ་མཐིང་བ་ཆུང་བས་ལས་རྒྱ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་བརྙེས་པ་ཡབ་ཡུམ་གཉིས་ཀའི་སྐུ་མ་ཉམས་པར་བཞུགས་པ་ལ་བདེ་མཆོག་རང་བྱོན་དུ་གྲགས། ཞེས་གསུངས་པ་ལྟར་བལ་པོའི་གྲུབ་ཆེན་ཕམ་མཐིང་བས་གནས་འདིར་ཡུན་རིང་སྒྲུབ་པ་མཛད་དེ་བདེ་མཆོག་ལ་བརྟེན་ནས་མཆོག་གི་དངོས་གྲུབ་བརྙེས་ས་ཡིན་པས་དེའི་ཕྱིར་བདེ་མཆོག་གི་གནས་སུ་བསྔགས་ལ། བྲག་རི་དམར་པོ་དང་མདུན་གྱི་རྨ་ཆུ་འབབ་ལུགས་སོགས་མ་རྒྱུད་དང་མཐུན་ཞིང་། རྡོ་རྗེའི་ལུས་ཀྱི་གནས་ལུགས་མཚོན་པའི་ཕྱི་ནང་གི་རྟེན་འབྲེལ་ཁྱད་པར་ཅན་དུ་དམ་པ་དུ་མས་བསྔགས།

བྲག་སྲིབ་ཀྱི་རྡོ་སྐས་ལམ། 

གྲུབ་ཆེན་ཕམ་མཐིང་བའི་གདུང་རུས་བཞུགས་པའི་སྐུ་བརྙན་བྱིན་ཅན། 
     འོ་ན་བལ་པོའི་ཕམ་མཐིང་བ་དེ་གང་ཡིན་ཞེ་ན། ཐོག་མར་ཕམ་མཐིང་ཞེས་པ་ནི་ས་ཆའི་མིང་སྟེ་དུས་རབས་བཅུ་གཅིག་དང་བཅུ་གཉིས་པའི་ནང་ཙམ་དུ་བལ་བོར་གཏོགས་ལ། དུས་རབས་བཅུ་གསུམ་པའི་སྟོད་དུ་ས་ཆ་དེ་རྒྱ་གར་དུ་གཏོགས་འདུག་སྟེ། 《ཆོས་འབྱུང་མཁས་པའི་དགའ་སྟོན》དུ། ཝ་ར་ཎ་སིའི་རྒྱལ་པོ་ཛཱ་ཡ་ཙནྡྲ་བྱ་བ་འཛམ་གླིང་ན་ཆེ་བ་དེ་དང་། དེའི་མག་པ་དབུས་འགྱུར་འཆང་གི་རྒྱལ་པོ་ཤིང་རྟ་ཅན་བྱ་བ་དེ་གཉིས་ཀས་ཏི་ར་ཧུར་ཏིའི་རྒྱལ་པོ་ལ་བཀའ་ཕབ་ནས་དེས་རྗེ་བཙུན་སྤྱན་འདྲེན་པའི་ཕྱིར་ཕོ་ཉ་བ་རལ་སྐོར་མཁན་ལ་སོགས་པའི་དམག་དཔུང་ཆེན་པོ་སླེབས་ཏེ་སྤྱན་དྲངས་ནས་ཕམ་ཐིང་དུ་གཤེགས། ཞེས་དང་། ལོ་ཙཱ་བ་ཆེན་པོས་(ཁྲོ་ཕུ་ལོ་ཙཱ་བ) ཀྱང་སྐྱེལ་ཐུང་གི་ཚུལ་དུ་བྱོན། རྗེ་བཙུན་ཕམ་ཐིང་གི་ཁང་བརྩེགས་ཤིག་གི་ཡང་ཐོག་བསིལ་ཁང་ན་བཞུགས་པའི་དྲུང་དུ་བཏོལ། (བརྟོལ་)ཞེས་ཁྲོ་ཕུ་ལོ་ཙཱ་བས་པཎ་ཆེན་ལ་ཐོག་མར་མཇལ་ས་ནི་ཕམ་ཐིང་གི་ཁང་བརྩེགས་ཤིག་གི་ཐོག་ཁར་ཡིན་པར་གསུངས་ལ། དེ་དུས་ཡུལ་དེ་རྒྱ་གར་དུ་གཏོགས་འདུག་སྟེ། ས་སྐྱའི་མང་ཐོས་ཀླུ་སྒྲུབ་པའི་བསྟན་རྩིས་སུ། ཁྲོ་ལོ་སོ་གསུམ་ལོན་པ་གཅིག་གིས་བྱི་ལོ(ཤིང་བྱི་ལོ་སྟེ་སྤྱི་ལོ་༡༢༠༤ཡིན་པར་མང་ཐོས་ཀླུ་སྒྲུབ་པའི་བསྟན་རྩིས་དང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་བསྟན་རྩིས་གཉིས་ཀ་མཐུན་ནོ། ། )མཆུའི་ཟླ་བ་ལ་སྤྱན་འདྲེན་ལ་བྱོན་ཏེ་རྒྱ་གར་བཻ་ཌཱུརྱའི་ཚོང་འདུས་སུ་ཕེབས། ཞེས་དང་། བ་ནེ་ཤ་ར་བྱ་བར་པཎ་ཆེན་དང་མཇལ། ཞེས་སོ། ། དེས་ན་བ་ནེ་ཤ་ར་དང་ཕམ་ཐིང་ཞེས་པའང་ཡུལ་གཅིག་གི་མིང་ཡིན་སྙམ་མོ། ། གྲུབ་ཆེན་ཕམ་མཐིང་བ་ལ་ཆེ་འབྲིང་ཆུང་གསུམ་ལས། དང་པོ་གཉིས་སྐུ་མཆེད་ཡིན་པ་ལས་གསུམ་ག་སྐུ་མཆེད་ཡིན་མིན་ལ་དཔྱད་དགོས་ཏེ། དེ་ཡང་བདེ་མཆོག་ལཱུ་ནག་དྲིལ་གསུམ་ལས་དང་པོའི་དབང་ལ་བཀའ་བབ་མི་འདྲ་བ་བཅུ་གཅིག་ཡོད་པ་ལས། དང་པོ་ས་ལུགས། བདུན་པ་པུ་རངས་ལོ་ཆུང་གི་ལུགས། བརྒྱད་པ་མར་ལུགས། བཅུ་གཅིག་པ་གཉོས་ལུགས་བཅས་ཀྱི་བརྒྱུད་རིམ་དུ་བལ་པོ་ཕམ་ཐིང་བ་སྐུ་མཆེད་ཡོད་ཅིང་། དྲིལ་བུ་ལྷ་ལྔའི་དབང་གི་བརྒྱུད་རིམ་ལ་ས་ལུགས་དང་མར་དོ་བའི་ལུགས་ལས་གཉིས་ཀའི་བརྒྱུད་ཁུངས་སུ་ཡང་ཕམ་མཐིང་བ་སྐུ་མཆེད་བཞུགས་ཡོད། དེ་ལས་དྲིལ་བུ་པའི་ས་ལུགས་ཐད་དུ། གྲུབ་དབང་ཨ་ཁུ་ཤེས་རབ་རྒྱ་མཚོའི《ཐོབ་ཡིག་ཆུ་ཐིགས》སུ། ཕམ་ཐིང་བ་གཅེན་འཇིགས་མེད་གྲགས་པ། གཅུང་ངག་དབང་གྲགས་པ། ༼ཤ660ཕ10༽ཞེས་དེ་གཉིས་སྐུ་མཆེད་ཡིན་པར་གསུངས་ཀྱི་གཞན་དུ་བྷ་དནྟ་ལ་རང་མིང་ངམ་ཡང་ན་བལ་པོ་བྷ་དནྟ་ཞེས་པ་ལས་གཅུང་གི་ཐ་སྙད་མ་མཛད་པ་ལ་རྒྱུ་མཚན་ཆེ། ཡང་ལཱུ་ཨི་བ་པུ་རངས་ལོ་ཆུང་གྲགས་འབྱོར་ཤེས་རབ་ཀྱི་ལུགས་ཀྱི་བརྒྱུད་རིམ་ཐད། ཐོབ་ཡིག་དེ་ཉིད་ལས། ཕམ་ཐིང་བ་ཆེ་བ་འཇིགས་མེད་གྲགས་པ། འབྲིང་བོ་ངག་དབང་གྲགས་པ། ཆུང་བ་བྷ་དནྟ། ༼ཤ660ཕ12༽ཞེས་ཆེ་འབྲིང་ཆུང་གསུམ་ནི་དེ་གསུམ་ཡིན་པར་གསུངས་སོ། ། དེབ་ཐེར་རྒྱ་མཚོར། ཕམ་མཐིང་བ་ལ་སྐུ་མཆེད་གསུམ་དང་། ཆེ་བ་ཨ་དེ་བ་ཆེན་པོ་དང་། དེའི་གཅུང་བལ་པོའི་མཻ་ཏྲི་བའམ་དུས་འཁོར་བ་དང་། དེའི་གཅུང་ཐང་ཆུ་བའམ་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཟེར། འདི་གསུམ་སྐུ་མཆེད་དང་ནཱ་རོ་བའི་སློབ་མ་ཡིན། ཞེས་དེ་གསུམ་པཎ་ཆེན་ནཱ་རོ་བའི་སློབ་མ་ཡིན་པ་ལ་དོགས་པ་མེད་མོད་དེ་གསུམ་སྐུ་མཆེད་ཡིན་པར་གསུངས་པ་ནི་དཔྱད་དགོས་ཏེ། རྗེ་བདག་ཉིད་ཆེན་པོའི《བདེ་མཆོག་མངོན་རྟོགས་ཀྱི་རྒྱ་ཆེར་བཤད་པ་འདོད་འཇོ་》རུ། མལ་གྱོའི་རྗེས་འབྲང་དག་ཕམ་མཐིང་བ་སོགས་རྒྱལ་དཀའ་ཟླ་བའི་རྗེས་སུ་འབྲངས་ནས་བཤད་རྒྱུད་རྣམ་ལྔར་བྱེད། ཞེས་དང་།  ཡང་དེ་ཉིད་ལས། པཎྜི་ཏ་ཐང་ཆུ་བའི་བླ་མ། ནཱ་རོ་བའི་སློབ་མ་དཱ་རི་ཀ་པ་ནི། ཞེས་ཕྱི་མ་ལ་རང་མཚན་ལས་ཕམ་མཐིང་བ་ཆེ་ཆུང་གང་ཡིན་ཚིག་ཟུར་ཙམ་ཡང་མ་མཛད་པས་སོ། ། ད་དུང་ཕམ་མཐིང་ནི་ས་ཆའི་མིང་ཡིན་ཞིང་དགོན་པའི་མིང་ལ་བྷ་དྷ་ཟི་ཟེར་བས་ཤེས་སམ་སྙམ་ཞེས་པའང་དཔྱད་པའི་གནས་ཏེ། བྷ་དྷ་ཞེས་པ་པཎྚི་ཏ་བྷ་དནྟ་ལས་འཕྲོས་པར་འདོད་ན་ནི་དེ་ནི་རང་གིས་བཞེད་པའི་སྐུ་མཆེད་གསུམ་གྱི་གྲས་མིན་པར་ཕམ་མཐིང་བ་ཆེ་བའི་སློབ་མ་སུ་མ་ཏི་ཀིརྟི་ལ་ངོས་བཟུང་འདུག་པའི་ཕྱིར་རོ། ། མ་ཟད་སུ་མ་ཏི་ཀིརྟི་ནི་བློ་བཟང་གྲགས་པ་ལ་འཇུག་གི་བློ་གྲོས་བཟང་པོ་ལ་མི་འཇུག་པས་སོ། ། ཡང་བདེ་མཆོག་ཆོས་འབྱུང་དུ་སྐུ་མཆེད་བཞི་ཡོད་པར་གསུངས་པའི་ཁུངས་གང་ལ་བརྟེན་པ་ཆ་མ་འཚལ་ཏོ། ། གང་ལྟར་སྐུ་མཆེད་གསུམ་ཙམ་ནི་ངེས་པར་ཡོད་དེ། རྗེ་བདག་ཉིད་ཆེན་པོའི་《བསྐྱེད་རིམ་འདོད་འཇོ་》རུ། ཕམ་མཐིང་བ་སྐུ་མཆེད་རྣམས་ཀྱིས་འཆད་པ་འདི་ལ་ཡང་བདེ་མཆོག་ལ་ཚོགས་བཤད་དང་། སློབ་བཤད་ཅེས་པའི་ཚུལ་གཉིས་ཀྱིས་འཆད་དོ། ། ཞེས་གྲགས་ཆེའོ། ། ཞེས་“རྣམས་”སྒྲ་གསུངས་པ་ལ་རྒྱུ་མཚན་ཡོད་པའི་ཕྱིར་དང་། ཐོབ་ཡིག་ཏུ་ཡང་གསུམ་ལས་བཞི་མ་གསུངས་པས་སོ། ། ཡང་སྐུ་མཆེད་རྣམས་ཀྱི་ཆེ་བ་དང་ཆུང་བ་གང་ཡིན་ལ་བཞེད་ཚུལ་མི་འདྲ་སྟེ། བདེ་མཆོག་ཆོས་འབྱུང་དུ་སྐུ་མཆེད་བཞིའི་ཆེ་བ་ཆོས་ཀྱི་བློ་གྲོས། ཞེས་ཆེ་བར་བཞེད། དེབ་རྒྱམ་དུ་སྐུ་མཆེད་གསུམ་གྱི་ཆུང་བར་བཞེད་དེ། དེ་ཉིད་ལས། ཐང་ཆུ་བ་བོད་དུ་བསོད་སྙོམས་ལ་ཕེབས་དུས་རོང་ངུར་སྨྲིག་ཏུ་བྲང་ཏི་ལ(བྲང་ཏི་དར་མ་སྙིང་བོ་སྟེ་བོད་དུ་མངོན་པ་ཀུན་བཏུས་ལ་ཤིན་ཏུ་མཁས་ཤིང་། ཕྱིས་ཀྱི་རེད་མདའ་བ་དང་རྗེ་བདག་ཉིད་ཆེན་པོའི་བཤད་རྒྱུན་ཀྱང་འདི་ལ་ཐུག ། དེང་སང་ནི་ཉམས་འདུག )མངོན་པ་གསན། ཞེས་དང་། འོག་ཏུ་ཕམ་མཐིང་བ་ཆུང་བ་འདི་ལ་ངོས་འཛིན་དགོས་པ་འདྲ། ཞེས་གསུངས་སོ། ། 

དབང་ཕྱུག་གི་རྟགས་སུ་གྲགས་པའི་བྲག་རི། 

ལོ་ཀྱ་ཏུན་ཏུ་ཡོད་པའི་རྡོ་རིང་གསར་བ།
     རང་ལུགས་ནི་ཕམ་མཐིང་བ་ཆེ་འབྲིང་ཆུང་གསུམ་ལས་ཆུང་བ་བྷ་དནྟ་ཡིན་ཏེ། ཕྱི་མ་འདི་བ་ཕམ་མཐིང་བ་སྔ་མ་གཉིས་ཀའི་སློབ་མ་ཡིན་པ་དང་ཕམ་མཐིང་བ་བྷ་དནྟ་ལས་མར་དོ་བ་ཆོས་ཀྱི་དབང་ཕྱུག་དང་། ལོ་ཆུང་གྲགས་འབྱོར་ཤེས་རབ་རྣམས་ཀྱིས་བོད་དུ་བདེ་མཆོག་གི་གདམས་པ་གསན་འདུག་པས་སོ། ། བདེ་མཆོག་བརྒྱུད་རིམ་གྱི་ཡིག་ཆ་དུ་མར་ཕྱི་མ་འདི་སྔ་མ་གཉིས་ཀའི་སློབ་མ་ཡིན་པར་གསུངས་པས་ཆེ་བ་ཁོ་ནའི་སློབ་མ་ཡིན་པར་ཡང་རྒྱུ་མཚན་མ་མཆིས་སོ། ། བླ་མ་རྭ་ཆེན་གྱི་རྣམ་ཐར་ཐུགས་སྲས་རྭ་ཆོས་རབ་ཀྱིས་ཇི་ལྟར་གསུངས་པ་བཞིན་རྭ་ཡེ་ཤེས་སེངྒེས་བསྒྲིགས་པའི་《ཀུན་ཁྱབ་སྙན་པའི་རྔ་སྒྲ་》(ཤ33ཕ11)རུ། དེ་ནས་ཕམ་མཐིང་བ་དང་། ཧ་དུ་དཀར་པོ་དང་། རྒྱ་གར་ཕྱག་ན་སོགས་ཏེ་སྔར་གྱི་ཆོས་འབྲེལ་ཡོད་པའི་བླ་མ་རྣམས་ཀྱིས་སྤྱན་སྔར་བྱོན། གསུངས་པ་ནི་རྭ་ཆེན་བལ་ཡུལ་དུ་ལན་གཉིས་པ་ཕེབས་སྐབས་ཡིན་ལ། དེ་ལྟར་ན་ལན་དང་པོའི་དུས་སུ་ཕམ་མཐིང་བ་བླ་མར་བསྟེན་འདུག་པས། ཕམ་མཐིང་བ་སྐུ་མཆེད་གང་ཡིན་གསལ་ཁ་མ་ཕྱེ་ཡང་ཁོང་གི་བླ་མའི་ཁྲོད་དུ་ཕམ་མཐིང་བ་བཞུགས་པར་ངེས་སོ། ། དེ་ལྟ་བུའི་གྲུབ་ཆེན་དེ་འདིར་བྱོན་ཏེ་ལོ་བཅུ་གཉིས་ཀྱི་བར་དུ་དཔལ་འཁོར་ལོ་བདེ་མཆོག་གི་སྒྲུབ་པ་མཛད་དེ་མཐར་ཟུང་འཇུག་གི་སྐུ་བརྙེས་ཏེ་སྐུ་གདུང་ད་ལྟའི་བར་མ་ཉམས་པར་བཞུགས་པ་ཡིན་པས་གནས་འདི་བོད་ཁམས་ཡོངས་སུ་གྲགས་པ་ཆེ། རིག་གསར་སྐབས་ཅུང་ཟད་གནོད་པ་ཐེབས་ཀྱང་དད་ལྡན་རྣམས་ཀྱིས་སྲོག་བསྡོས་ཀྱིས་སྲུང་སྐྱོབ་ཞུས་པས་༡༩༨༡ལོར་ལོའུ་ཞབས་དྲུང་དཀོན་མཆོག་མཁྱེན་རབ་རྒྱ་མཚོས་སྦྱིན་བདག་མཛད་དེ་གྲུབ་ཆེན་ཕམ་མཐིང་བའི་གདུང་རུས་འཁྲུལ་མེད་ནང་བཞུགས་ཀྱི་ད་ལྟའི་སྐུ་བརྙན་བྱིན་ཅན་འདི་བཞེངས་པ་ཡིན་ཞིང་། ད་ལྟའི་བར་མཇལ་འགྲུལ་རྒྱུན་མ་ཆད་པར་ཡོད་དོ། ། ཕམ་མཐིང་བ་བྷ་དནྟ་ཉིད་ཀན་ལྷོའི་གཙོས་དང་མཛོད་དགེ་སྨད། སྨན་ལུང་སོགས་སུ་བརྒྱུད་ནས་མར་ཀ་ཇུར་ཕེབས་པ་ཡིན་པས་འདིར་ཕྱོགས་སུ་ངག་རྒྱུན་ལས་མཆེད་པའི་ས་མིང་འགའ་མཆིས་ཏེ། ད་ལྟའི་མཛོད་དགེའི་ཏེའུ་བུར་འབོད་པ་འདིར་ཕམ་མཐིང་བ་ཉིད་མཚམས་སུ་བཞུགས་ཏེ་ཕུར་བུ་གཏེར་དུ་སྦས་པས་གཏེར་ཕུར་ཞེས་པ་སྒྲ་ཟུར་ཆག་སྟེ་ཏེའུ་བུར་དང་། སྨན་ལུང་གི་རྭ་ཟིའི་བྲག་དཀར་གྱི་རྩེའི་སྒྲུབ་ཕུག་ནི་བལ་པོའི་ཕམ་མཐིང་བའི་སྒྲུབ་ཕུག་ཏུ་གྲགས་པ་བཅས་སོ། ། 

ལོ་ཀྱ་ཏུན་ནམ་བདེ་མཆོག་སྒྲུབ་ཕུག་གི་མདུན་རི།
ལོ་ཀྱ་ཏུན་ནམ་བདེ་མཆོག་སྒྲུབ་ཕུག་གི་གནས་སྟངས། 
     མདུན་ཕྱོགས་ཀྱི་བྲག་རི་གྲིས་བཅད་པ་ལྟ་བུའི་ངོས་སུ་ལྷ་ཁང་རྒྱ་ཕིབས་ཉིས་བརྩེགས་ཅན་སྤྱིར་ཐོག་སོ་གཉིས་ལ་ཁང་མིག་ལྔ་པ་ཅན་ཞིག་འབྱར་བ་ལྟ་བུར་བཞེངས་འདུག་ལ། ལྷ་ཁང་འོག་གཞིའི་སྒེའུ་ཁང་ཉིས་བརྩེགས་བཅས་བགྲང་ན་ཐོག་སོ་བཞིའི་རྣམ་པར་འདུག་མོད་དོན་དངོས་སུ་དེ་འདྲ་མེད། དེའི་གཡས་ངོས་སུ་སྒོ་ཙམ་གྱི་ཐོག་རྒྱ་ཕིབས་ཡོད་པ་ཞིག་མིག་མདུན་དུ་མངོན་ཞིང་། དེ་གཉིས་ཀྱི་བར་དུ་འཁྱམ་རྭ་ཐོག་འབིབས་ཅན་ཁང་མིག་ལྔའི་ཚད་ཅན་ཞིག་གིས་སྦྲེལ་འདུག སྒོ་ཆེན་ནང་དུ་བདེ་གཤེགས་མཆོད་རྟེན་རྣམ་བརྒྱད་དང་། དེ་ནས་ཡར་ཕྱིན་པ་ན་འདུ་ཁང་དང་ནང་ཆེན་གྱོ་ཐོག་ཅན་གྱི་སྟེང་དུ་རི་དྭགས་ཆོས་འཁོར་གྱིས་བརྒྱན་ཞིང་། མདུན་གོང་དུ་ཡང་མཆོད་རྟེན་མི་ཆུང་བ་གཉིས་ཡོད། ཐང་གཤམ་གྱི་འདུ་ཁང་མཆོད་རྟེན་དག་ལ་རེ་ཞིག་མཇལ་རྒྱུར་བཤོལ་ནས་ཐད་ཀར་རྡོ་སྐས་ཐོག་ཡར་ཕྱིན་པ་ཡིན། རྡོ་སྐས་ཉི་ཤུ་ལྷག་བརྒྱུད་དེ་གཡས་སུ་དཀྱོགས་ཚེ་རྒྱ་ཡིག་གིས"སྔགས་ཀྱི་གནའ་དགོན"(密宗古刹)ཞེས་པའི་སྒོ་བྱང་ཡོད་པའི་སྒོ་ཆུང་ཞིག་བརྒྱུད་དགོས། བྲག་སྲིབ་ཀྱི་རྡོ་སྐས་ཡར་བརྒྱུད་དེ་འགོས་པ་ན་སྟེང་ཁང་ཐམས་ཅད་བོད་ལུགས་ཀྱི་ཉམས་སུ་ཡོད། དེ་ནས་གཡོན་གྱི་ལྷ་ཁང་དུ་ཕྱིན་ཚེ་སྲིད་དུ་ཁང་མིག་ལྔ་དང་ཞེང་དུ་ཁང་མིག་གཅིག་ཡོད་པ་འདི་ནི་བདེ་མཆོག་སྒྲུབ་ཕུག་གི་ལྷ་ཁང་གཙོ་བོ་དེའོ། ། ནང་དུ་སླེབས་པ་ན་རབ་བྱུང་བ་ཞིག་གིས་སྐྱིལ་ཀྲུང་གིས་ཁ་ཏོན་བྱེད་པ་ལས་གཞན་ནི་སུ་ཡང་མེད། རྒྱབ་ཀྱི་ཁྲེས་པོ་སར་ཕོག་སྟེ་ནང་ནས་ཁ་དར་གཉིས་བླངས་རྗེས་མཆོད་མཇལ་བྱེད་མགོ་བརྩམས། ཁང་མིག་ལྔ་བོར་མཇལ་ཏེ་སྒོ་ཞིག་བརྒྱུད་རྗེས་མགོན་ཁང་ལ་ཐོན་པ་དང་། བྱིན་རླབས་ཅན་གྱི་གྲུབ་ཆེན་ཕམ་མཐིང་བའི་སྐུ་གདུང་དེ་ནི་ལྷ་ཁང་འདིའི་ཁང་མིག་དབུས་མའི་ཀུན་དགའ་ར་བར་བཞུགས། གཙོ་སྐུ་བལ་བོའི་གྲུབ་ཆེན་ཕམ་མཐིང་བ་དབུར་རིགས་ལྔ་གསོལ་ཞིང་། ཐུགས་ཀར་འཁྱུད་པའི་ཕྱག་རྒྱས་ཡུམ་རྡོ་རྗེ་ཕག་མོ་རྒྱ་མོའི་རྣམ་པ་ཅན་དབུ་སྐྲ་ནག་ལ་རིང་བ་ཐུར་དུ་དཔྱངས་པ་ཅན་དང་ལྷན་ཅིག་པ། ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་། སྐུ་ལ་སྟོད་གོས་སྨད་གཡོགས་རྒྱན་འབུག་མའི་གོས་ལ་ཟི་ར་དང་བཅས་པ། མདུན་དུ་མཎྜལ་ཏོག་དང་བཅས་པ་ཚར་གསུམ་དང་མེ་ཏོག་དང་ཡོན་ཆབ། ཚོགས་ཀྱི་མཆོད་པས་སྤྲས་པ། མཇལ་བས་ཡིད་འཕྲོག་ཅིང་བྱིན་རླབས་ཆེ་བ་ལ་ཨང་སྙམ་པ་འགོག་མེད་དུ་འཆར་བ། མཐའ་སྐོར་དུ་ཀུན་དགའ་ར་བ་ཆུང་བ་བཞིར་སྐུ་མི་འདྲ་བ་བཞི་བཞུགས་མོད་གསལ་བོར་མཇལ་མི་ཐུབ་པས་ཅུང་ཟད་ཕོངས། འགྲམ་གཡས་གཡོན་གྱི་ཤིང་ལེབ་ཚོན་ཅན་ངོས་སུ་རྒྱན་དྲུག་མཆོག་གཉིས། རྗེ་བདག་ཉིད་ཆེན་པོ་དང་། ཇོ་བོ་རྗེ། སྟོན་པ་བཅས་ཀྱི་ཚོན་ཐང་། གཤམ་དུ་མཆོད་པའི་ལྷ་མོ། མདུན་ངོས་སུ་བྱམས་འཇམ་དབྱངས་གཉིས་ཀྱི་བྲིས་ཐང་། གཞན་ཁང་མིག་གཡས་གཡོན་དུ་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་དབང་ལུང་མན་ངག་གི་གཏེར་མཛོད་བདེ་ཐང་ཞབས་དྲུང་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན། སིནྡྷི་རའི་དཀྱིལ་འཁོར་དུ་མཁའ་སྤྱོད་མ་གཙོ་བོར་བཞུགས་པའི་དུར་བདག་ཡབ་ཡུམ་དང་བཅས་པའི་དཀྱིལ་ཐང་སོགས་རྟེན་གསུམ་མང་པོ་བཞུགས། 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...