སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མདོ་དབུས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་ཀྱི་རིགས།
རྩོམ་པ་པོ། དཔའ་རིས་བསོད་ནམས་ཚེ་རིང་། རྩོམ་སྒྲིག་པ། རྡོ་རྗེ་རབ་བརྟན། དུས་ཚོད། 2008-5-11 9:02:51 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
   མདོ་དབུས་མཐོ་སྒང་གི་སྲོག་ཆགས་ལ་རིགས་དང་ཁ་གྲངས་མང༌། མིའི་རིགས་ཀྱིས་གསོ་སྐྱོང་བྱེད་བཞིན་པའི་རྟ་ནོར་ལུག་གསུམ་དང་ཁྱི། བྱི་ལ། ཁྱིམ་བྱ་སོགས་ཡོད་པ་དང༌།རི་སྐྱེས་སྲོག་ཆགས་ཏེ་འདབ་ཆགས་དང་རི་དྭགས་རིགས་མང་པོ་ཡོད།  དེའི་ནང་དུ་འབྲོང་དང་རྐྱང༌། རྒོ། གཉན། དོམ། གསའ། གཙོད། གངས་གཟིག  གནའ་བ། གླ་བ། གཡི་སྲམ། ཤྭ་སྐྱ། ཤ་བ་ཁ་དཀར། ཤ་བ་སེར་ཆེན། ཤ་བ་སེར་ཁྲ། འཕྱི་བ། གོང་མོ། བྱ་ཝང༌། སྲེག་པ། ངང་པ། རྩངས་པ་སོགས་ནི་མདོ་དབུས་མཐོ་སྒང་དུ་དམིགས་བསལ་དུ་ཡོད་པའི་རི་སྐྱེས་སྲོག་ཆགས་ཡིན་ལ། ལོ་རྒྱུས་དེབ་ཐེར《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ལས་སྟོད་མངའ་རིས་ཀྱི་ཆ་ནི་གླང་པོ་ཆེ་དང་རི་དྭགས་ཀྱི་ཡུལ། བར་དབུས་གཙང་གི་ཆ་ནི་རི་དྭགས་དང་སྤྲེའུའི་ཡུལ།  སྨད་མདོ་ཁམས་ཀྱི་ཆ་ནི་སྤྲེའུ་དང་བྲག་སྲིན་གྱི་ཡུལ་ཞེས་གསུངས་ཡོད། ད་ལྟ་བོད་ལྗོངས་ཁོངས་སུ་སྒལ་ཚིགས་ཅན་གྱི་སྲོག་ཆགས་རིགས800ལྷག་ཡོད་པ་ལས་རིགས200ལྷག་མདོ་དབུས་མཐོ་སྒང་ཁོ་ན་མ་གཏོགས་ཡུལ་གྲུ་གཞན་ན་མེད།  སྲིན་བུའི་རིགས4000ལྷག་ཡོད་པ་དེའི་ནང་རིགས130ལྷག་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་བྱེད་བཞིན་ཡོད།  གཙོད་དང་རྐྱང༌། འབྲོང༌། དཔུང་རིང་སྤྲ། ཧི་མ་ལ་ཡའི་བྲག་སྲམ་སོགས། མདོ་དབུས་མཐོ་སྒང་མ་གཏོགས་ཡུལ་གྲུ་གཞན་ན་མེད་པའི་སྲོག་ཆགས་དཀོན་པོའི་རིགས་ཡིན། འཛམ་གླིང་ཐོག་འབྲི་གཡག་ཆེས་མང་བའི་ས་ཆ་ནི་མདོ་དབུས་མཐོ་སྒང་ཡིན།   སྤྱིར་འཛམ་གླིང་ན་འབྲི་གཡག་ཁྲི་ཚོ1470ལྷག་ཡོད་པའི་ནང་མདོ་དབུས་མཐོ་སྒང་ན་ཁྲི་ཚོ1400ལྷག་ཡོད། འཛམ་གླིང་ནས་ཕལ་ཆེར95%ཡན་གྱི་འབྲི་གཡག་མདོ་དབུས་མཐོ་སྒང་ན་ཡོད།  འོ་འཐུང་སྲོག་ཆགས་རིགས་ལ་གཏོགས་པའི་བྲ་རིགས་དང་རི་བོང་རིགས་ལ་མཚོན་ན་ད་ལྟ་འཛམ་གླིང་དུ་རིགས25ཡོད་པའི་ནང་མདོ་དབུས་མཐོ་སྒང་ན་རིགས16ཡོད། གཞན་ད་དུང་འདབ་ཆགས་དཀོན་པའི་རིགས་དང་རི་དྭགས་ཡ་མཚན་ཅན་མང་པོ་ཡོད།དཔེར་ན་མཚོ་སྔོན་པོའི་བྱ་གླིང་ན་ཁྲུང་ཁྲུང་མགོ་ཁྲ་དང་ཆུ་སྐྱར་ཆེན་པོ།  ཆུ་སྐྱར་མགོ་སྨུག སྐྱར་གོ ཁྲུང་ཁྲུང་སྐེ་ནག སྐྱར་ལེབ། ཆུ་སྐྱེགས་སོགས་རིགས་མང་པོ་ཡོད་ལ། བྱ་རིགས་ཆེས་མང་དུས་བྱའི་ཁ་གྲངས་ཁྲི་ཚོ་བཅུ་བདུན་ལྷག་ཡོད།  མདོ་དབུས་མཐོ་སྒང་ན་མཚོ་དང་མཚེའུ2500ལྷག་མཆིས་པའི་ནང་དུ་ཆུ་སྐྱེས་སྲོག་ཆགས་རིགས་ཧ་ཅང་མང་པོ་ཡོད།  དཔེར་ན་མཚོ་སྔོན་པོའི་ནང་དུ་གྲངས་ཀྱིས་མི་ལོངས་པའི་ཁྲབ་མེད་ཉ་མོ་དང་རྨ་འབྲི་རྫ་གསུམ་ནང་ཉ་སྲམ་སོགས་དང་སྐམ་ཆུ་གཉིས་གནས་ཀྱི་སྲོག་ཆགས་མང་པོ་ཡོད། 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...