སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཨ་ཆུང་གནམ་རྫོང་ལ་སོང་པའི་མཐོང་ཐོས།
རྩོམ་པ་པོ། ཀུན་འཚོ་སྐྱིད། མཁའ་མོ་རྒྱལ། རྩོམ་སྒྲིག་པ། ཚེ་བརྟན་དོན་གྲུབ། དུས་ཚོད། 2008-5-22 10:23:38 རྩོམ་ཁུངས། མཚོ་སྔོན་པོ་དྲ་ཚིགས། ཀློག་གྲངས།
—ཨ་ཆུང་གནམ་རྫོང་བསམ་གཏན་ཆོས་འཕེལ་གླིང་ལ་ལྟ་སྐོར་དུ་ཕྱིན་པའི་མཐོང་ཐོས།
 དབྱར་ཟླ་བདུན་པའི་མཐོ་སྒང་ནི་གནམ་གཤིས་དྲོ་གྲང་སྙོམས་ལ་མཁའ་དབུགས་གཙང་ཞིང༌། ཕྱོགས་བཞིར་ལྗང་མདོག་རྩྭ་སྔོན་གྱིས་བརྒྱན་འདུག་པས། མི་སུ་ཞིག་ཡིན་རུང་སྐྱིད་པའི་ཉམས་སྣང་བཅོས་མིན་དུ་སྐྱེ་བར་བྱེད། ངེད་གཉིས་ཀྱིས་ཀྱང་དུས་ཚིགས་དེ་བེད་སྤྱད་ནས་ཨ་ཆུང་གནམ་རྫོང་བསམ་གཏན་ཆོས་འཕེལ་གླིང་དུ་གནས་མཇལ་དང་བཅར་འདྲིར་བགྲོད་པའི་སྟ་གོན་བྱས། ཚེས་ཉེར་བདུན་ཉིན་གྱི་ཞོགས་པར་ངེད་གཉིས་རླངས་འཁོར་ཆུང་བ་ཞིག་ལ་བསྡད་དེ་གྲོང་ཁྱེར་ཟི་ལིང་ནས་ལམ་ལ་ཆས་ཤིང༌། ལྷོ་ཕྱོགས་སུ་འཐེན་པའི་གཞུང་ལམ་སྟེང་དུ་ཆུ་ཚོད་གཉིས་ལྷག་བསྐྱོད་མཚམས་རང་རྒྱལ་གྱི་ཆུ་བེད་བཟོ་སྐྲུན་ཆེ་གྲས་སྔོ་རྒྱའི་འགག་ཆུ་གློག་ས་ཚིགས་སུ་སླེབས། ཨ་ཆུང་གནམ་རྫོང་བསམ་གཏན་ཆོས་འཕེལ་གླིང་ནི་ཆུ་མཛོད་དེའི་ཕ་རོལ་གྱི་ལུང་པའི་ཕུག་ཏུ་ཆགས་ཡོད་པས། རླངས་འཁོར་བགྲོད་ཐབས་མེད་པར་བརྟེན་ས་དེ་ག་རུ་སླེབས་རྗེས། སྒེར་གཉེར་གྲུ་ཆུང་ཞིག་གླས་ཏེ་མདུན་དུ་བསྐྱོད་པ་ཡིན། གནས་དེའི་ཕྱིའི་བཀོད་པ་ནི་ཧ་ཅང་ལྟ་ན་སྡུག་པ་ཞིག་སྟེ། ཕྱོགས་བཞི་ཀུན་ཏུ་བྱུ་རུའི་འཁྲི་ཤིང་རྒྱས་འདྲའི་རྫ་རི་དང་བྲག་རིས་བསྐོརཡོད་པ་དང༌། དེའི་དཀྱིལ་ན་སྔོ་རྒྱའི་འགག་ཆུ་མཛོད་ནི་གཡུ་ཡི་མེ་ལོང་ཕྱིས་པ་ཇི་བཞིན་སྔོ་ལྷམ་མེར་འཁྱིལ་འདུག་ཅིང༌། སྐབས་སྐབས་སུ་འགྲམ་ངོགས་ཀྱི་ལྗོན་ཤིང་གསེབ་ནས་ཁུ་བྱུག་གི་གསུང་སྐད་སྙན་མོ་ཡང་རྣ་ལམ་དུ་གསལ་ལེར་ཐོས་འོངས་པས། ངེད་ཅག་གི་ཡིད་སེམས་དབང་མེད་དུ་བཀུག་ནས་དགའ་སྤྲོའི་འབོད་སྒྲ་སྒྲོག དེ་ལྟར་གྲུ་ཐོག་ནས་སྐར་མ་སུམ་ཅུ་ལྷག་བསྐྱོད་མཐར་ཕ་རོལ་གྱི་གྲུ་ཁར་འབྱོར་བ་དང༌། དེ་ནས་རྡེའུ་ཟེགས་ཀྱིས་ཁྱབ་པའི་གྲམ་པ་བརྒྱུད་དེ་སྐར་མ་ཉི་ཤུ་ལྷག་སོང་བ་ན། དགོན་འདབས་ཀྱི་མཆོད་རྟེན་བརྒྱད་པོ་མིག་ལམ་དུ་གསལ་ལེར་མངོན་བྱུང༌།
 འདི་ནི་མདོ་ཁམས་ཡུལ་དུ་སྐད་གྲགས་ཆེ་བའི་ཨ་ཆུང་གནམ་རྫོང་བསམ་གཏན་ཆོས་འཕེལ་གླིང་ཞེས་པ་ཡིན་ཏེ། ཇོ་མོ་དགོན་པ་འདི་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁམས་ར་ཞང་གི་ཆར་གཏོགས་ཤིང༌། གནས་དེའི་ཕྱིའི་བཀོད་པའི་སྟོད་ན་དཀར་པོ་ལྷ་ཡི་རྫོང་དྲུག་དང༌། བར་ན་དམར་པོ་བཙན་གྱི་རྫོང་དྲུག སྨད་ན་སྔོན་མོ་ཀླུ་ཡི་རྫོང་དྲུག་བཅས་ཁམས་རའི་རྫོང་ཆེན་བཅོ་བརྒྱད་དུ་གྲགས་པའི་བྲག་རྫོང་རྣམས་བྱུ་རུའི་སྡོང་པོའི་མནྜལ་ཇི་བཞིན་ཕྱི་རིམ་ནང་རིམ་དུ་བསྐོམ་བའི་དབུས་སུ་བོད་ཀྱི་མཁས་པ་མི་གསུམ་གྱི་སྒྲུབ་གནས་དམ་པ་སྟེ། བྲག་འ་ཡིག་རང་བྱོན་ཅན་ཞིག་ལྷུན་ཆགས་སུ་གྲུབ་ཅིང༌། དེའི་གཡོན་ཟུར་དུ་མཆོད་རྟེན་ཐང་ཞེས་པ་རྨ་བྱ་ཁ་ཕྱིར་འཁོར་གྱིས་སྒྲོ་མདོངས་ཕུབ་པ་ཇི་བཞིན་ས་དཔྱད་ཕུན་སུམ་ཚོགས་པའི་གནས་སུ་ཇོ་མོ་དགོན་པ་འདི་ཉིད་ཆགས་པས། མཚན་ལ་ཡང་དཀར་པོ་ལྷ་ཡི་རྫོང་དྲུག་ལས་འ་ཡིག་རང་བྱོན་དུ་བབས་པའི་གནམ་རྫོང་ཟུར་ཆག་སྟེ་ཨ་ཆུང་གནམ་རྫོང་བསམ་གཏན་ཆོས་འཕེལ་གླིང་ཞེས་སྙན་པར་གྲགས་སོ།།
 གནས་འདིའི་ཐོག་མའི་ལོ་རྒྱུས་ནི། སྤྱི་ལོ་༩༦༠ལོར་ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་གླང་དར་མ་བཀྲོངས་རྗེས་ཁོང་དང་བོད་ཀྱི་མཁས་པ་མི་གསུམ་བྲོས་བྱོལ་དུ་ཁམས་ཕྱོགས་བརྒྱུད་དེ་གནས་འདིར་བྱོན་ནས་ལོ་ཉི་ཤུ་ལྷག་ཙམ་ལ་གསང་རྒྱའི་སྒོ་ནས་བཞུགས་ཤིང་སྒོམ་ཁྲིད་བསྐྱངས། བོད་ལྕགས་ལུག་སྦྱི་ལོ༩༧༡ལོར་བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས་པ་དང་དེ་ནས་མེ་བྱི་སྤྱི་ལོ་༩༧༦ལོར་དབུས་གཙང་གི་མི་བཅུ་བསྙེན་པར་རྫོགས་ནས་ཕྱི་དར་བསྟན་པའི་མེ་རོ་མདོ་སྨད་ཨ་ཆུང་གནམ་རྫོང་ནས་གསོས་པ་ཡིན་པས། ངག་རྒྱུན་དུ་“སྔ་དར་བསྟན་པའི་ཆུ་འགོ་དཔལ་བསམ་ཡས་དང་ཕྱི་དར་བསྟན་པའི་ཆུ་འགོ་མདོ་སྨད་ཨ་ཆུང་གནམ་རྫོང་”ཞེས་སྐྱེ་བོ་ཀུན་གྱིས་ཕྱག་མཇལ་བྱེད་སའི་གནས་མཆོག་ཏུ་གྱུར་པ་རེད།
 ཡུལ་འདིར་གྲགས་པའི་ངག་རྒྱུན་ལྟར་ན། སྦྱི་ལོ་༡༧༡༠ཡས་མས་སུ། ཇོ་མོ་སྒམ་ཁང་དུ་ཇོ་བཙུན་ཡེ་ཤེས་སྒྲོལ་མ་བྱ་བ་རིམ་གཉིས་ཀྱི་རྣམ་འབྱོར་མཐར་ཕྱིན་ནས་འཇའ་ལུས་འོད་སྐུར་གྲོལ་བ་ནས་བཟུང་ཨ་ཆུང་གནམ་རྫོང་གི་གནས་འདི་ཇོ་བཙུན་མང་པོས་དམ་ཆོས་སྒྲུབ་པའི་གདན་སར་གྱུར་ལ། སྤྱི་ལོ་༡༨༧༠ཡས་མས་སུ་ཇོ་བཙུན་རྣམས་ཀྱི་རེ་འདུན་ལྟར། དགུ་རོང་ཚོགས་དྲུག་རང་གྲོལ་མཆོག་གིས་དགོན་འདི་གསར་དུ་བཏབ་ནས་ཆོས་ཐོག་གསར་འཛུགས་དང་དམ་ཆོས་འཆད་ཉན། ཐ་ན་འདོན་རྟ་དབྱངས་ཚུན་ཆད་གཏན་ལ་ཕབ་པ་རེད། སྤྱི་ལོ་༡༨༩༩ལོར་དགོན་བདག་དགུ་སྤྲུལ་ཨོ་རྒྱན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེས་འདུ་ཁང་གྱོ་ཐོག་གིས་བརྒྱན་ཏེ་བསྐྱར་བཞེངས་དང་སློབ་དཔོན་གཙོ་འཁོར་གསུམ་དང་རྟ་ཕག་ཡིད་བཞིན་ནོར་བུ་དག་གིས་འབུར་ལི་སྐུ་དང་མཆོད་རྫས་སོགས་ཀྱིས་ཡོངས་སུ་བཀང་ལ། (དགུ་སྤྲུལ་བཅའ་ཡིག་)ཅེས་པ་བརྩམས་ཏེ་ཆོས་ཐོག་དང་སྒྲིག་ལམ་སོགས་སྔར་ལས་འཐུས་ཚང་དུ་བཏང་ཞིང༌། མདོ་སྔགས་རིག་གནས་སྤྱི་དང་སྔ་འགྱུར་རྙིང་མ་བའི་ཐུན་མོང་མ་ཡིན་པའི་ཟབ་ཆོས་ཀྱི་རྒྱུན་སོགས་རྒྱ་ཆེར་སྤེལ་ཏེ་ལུགས་གཉིས་ཀྱིས་བསྐྱངས་པ་རེད། རིག་གནས་གསར་བརྗེའི་སྐབས་སུ་དགོན་པ་འདིར་གཏོར་བརླག་ཚབས་ཆེན་ཐེབས་ན་ཡང༌། སྤྱི་ལོ་༡༩༧༩ལོར་ཆོས་ལུགས་བསྐྱར་དར་བྱུང་བ་དང་བསྟུན་ནས། རྫོང་ནང་ཞབས་དྲུང་རིན་པོ་ཆེ་དང་དགུ་རོང་རྒྱལ་སྲས་མཆོག་གིས་བདག་རྐྱེན་བསྩལ་བ་གཞིར་བྱས། སྤྲུལ་སྐུ་གྲོལ་ལོ་དང་སྤྲུལ་སྐུ་པདྨ་རྣམ་གྲོལ། གཞན་ཡང་ཨ་ནེ་རིག་འཛིན་སོགས་

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...