སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ར་མོ་ཆེ་གཙུག་ལག་ཁང༌།
རྩོམ་པ་པོ། ཚེ་བརྟན རྩོམ་སྒྲིག་པ། ཚེ་བརྟན དུས་ཚོད། 2008-5-29 9:43:42 རྩོམ་ཁུངས། བོད་ལྗོངས་ཆ་འཕྲིན་ལྟེ་གནས། ཀློག་གྲངས།
  ར་མོ་ཆེ་གཙུག་ལག་ཁང་འདི་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་ཕྱོགས་ས་ཁུལ་དུ་གནས་ཤིང༌། རང་ལྗོངས་ཀྱི་རྩ་ཆེའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་གྲས་སུ་གཏོགས། དེ་ཡང་སྤྱི་ལོ་༦༤༡བོད་ལྕགས་གླང་ལོར་ལྷ་གཅིག་རྒྱ་བཟའ་ཤར་ཕྱོགས་རྒྱ་ནག་ཡུལ་ནས་བོད་རྗེ་སྲོང་བཙན་སྒམ་པོའི་བཙུན་མོར་ཕེབས་སྐབས་ཡབ་ཀྱིས་རྟེན་སྐལ་དུ་གནང་བའི་ཇོ་བོ་ཤཱཀྱ་མུ་ནེ་བོད་ཡུལ་དུ་གདན་དྲངས་པས་ད་ལྟའི་ར་མོ་ཆེ་ཆགས་ཡུལ་དེར་སླེབས་པ་དང༌། བྱེ་ཐང་དུ་བྱིངས་ནས་མ་འདྲོངས་པར་ལུས་པའི་ཚེ་ལྷ་གཅིག་རྒྱ་བཟས་ཕྱོགས་བཞིར་ཀ་བ་བཙུགས། དར་དཀར་གྱི་ཡོལ་བ་བྲེས། མཆོད་པ་ཕུལ། དེ་ནས་སྤོར་ཐང་གི་གབ་རྩེ་བཏིངས་ནས་བརྩིས་པས་ར་མོ་ཆེའི་ས་དེ་ཀླུའི་ཕོ་བྲང་དུ་ཤེས། དེར་ཇོ་བོ་བཞུགས་སུ་གསོལ་ན་བླུ་ནོན་པར་ཤེས་ཏེ་རྒྱ་ནག་ནས་བཟོ་བོ་མཁས་པ་མང་པོ་བོས་ཏེ་སྤྱི་ལོ་༦༤༡བོད་ལྕགས་གླང་ལོར་གཙུག་ལག་ཁང་གི་རྨང་བཏིངས་པས་དུས་ཡུན་ཟླ་བ་བཅུ་གཉིས་ལ་གྲུབ་སྟེ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་ལྷན་ཅིག་ཏུ་ལེགས་གྲུབ་མཛད། ཀོང་ཇོས་རྒྱ་ནག་ནས་བཟོ་རིགས་མང་པོ་བསྐོངས་ཏེ་བཞེངས་ཙང་དེ་ཕྱིར་“རྒྱ་བཏབ་ར་མོ་ཆེ་”འམ་“རྒྱ་སྟག་ར་མོ་ཆེ་”ཟེར་ལ་ལྷ་ཁང་འདིའི་སྒོ་མོ་ཤར་ཕྱོགས་རྒྱ་ནག་ཡུལ་དུ་གཏད། བོད་རྗེའི་བཙུན་མོ་ལྔས་རང་རང་གི་རྟེན་སྐལ་གཙུག་ལག་ཁང་རེ་བཞེངས་པ་ལས་འདི་ནི་རྒྱ་བཟའ་ཀོང་ཇོའི་རྟེན་སྐལ་གྱི་གཙུག་ལག་ཁང་ཡིན། གཙུག་ལག་ཁང་འདི་ཐོག་བརྩེགས་གསུམ་དང་ལྡན་ཞིང་མཐོ་ལ་བརྗིད་ཆགས་པ། ནང་དུ་འདུ་ཁང་རྒྱ་ཁྱོན་ཀ་རིང་བཞི་དང༌། ཀ་ཐུང་ཉེར་གཉིས་ཡོད་ལ། གཙང་ཁང་དུ་ཇོ་བོའི་བཞུགས་གནས་ཡིན། བར་ཐོག་ཏུ་སྨན་བླ་ལྷ་ཁང༌། ཡང་ཐོག་ཏུ་བཀོད་པ་མཛེས་པའི་གཟིམ་ཆུང་བཅས་ཡོད། ནང་རྟེན་དུ་ཇོ་བོ་མི་བསྐྱོད་རྡོ་རྗེ་དང༌། ཉེ་བའི་སྲས་ཆེན་བརྒྱད། ཁྲོ་བོ་གཉིས། རྒྱལ་བ་བྱམས་པ། རྗེ་ཙོང་ཁ་པའི་སྐུ་བརྙན། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ནང་རྟེན་གཙོ་བོ་མགོན་ཐང་གསུམ་བཅས་དང༌། སྒོ་འགྲམ་དུ་བཟོ་དབྱིབས་ཁྱད་དུ་འཕགས་པའི་རྒྱལ་ཆེན་བཞིའི་འཇིམ་བརྙན་སོགས་རྟེན་མང་དུ་བཞུགས། བར་ཐོག་ཏུ་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་དང༌། སྨན་བླ་བདེ་གཤེགས་བརྒྱད། སྒོ་གཉིས་ཀྱི་བར་ཤིང་སེ་བའི་སྡོང་པོ་ལ་སྲོག་ཤིང་བྱས་ནས་བཞེངས་པའི་མགོན་པའི་གྲི་གུག་(ད་ལྟ་མགོན་པོ་སེ་སྡོང་མ་ཟེར་)ལྷ་མོ་གཡུ་སྒྲོན་མ། ནང་གི་ལྡེབས་བྲིས་སུ་སྐལ་བཟང་སངས་རྒྱས་སྟོང་དང༌། མཛད་པ་བཅུ་གཉིས། བར་སྐོར་དུ་ཤམྦྷ་ལའི་ཞིང་བཀོད་བཅས་ཡོད། དེ་ལྟར་རྒྱ་བཏབ་ར་མོ་ཆེ་གཙུག་ལག་ཁང་འདིའི་རྟེན་གཙོ་ཐོག་མ་ཇོ་བོ་ཤཱཀྱ་མུ་ནེ་དང༌། རྗེས་སུ་བལ་བཟའ་ཁྲི་བཙུན་གྱི་རྟེན་སྐལ་ཇོ་བོ་མི་བསྐྱོད་རྡོ་རྗེ་བཞུགས་
པ་འདི་ནི་དུས་རབས་རིམ་བྱུང་གི་འཕོ་འགྱུར་བྱུང་བ་ཞིག་རེད། བོད་སིལ་བུའི་སྐབས་ཚལ་པ་ཁྲི་དཔོན་དགའ་ལྡན་དཔལ་གྱིས་བདག་གཉེར་གནང་སྟེ་བཀུར་བསྟི་བ་དགེ་འདུན་བཞི་གྲྭ་བཙུགས་སྐབས་དེར་ར་མོ་ཆེ་བཞི་སྡེ་ཞེས་གྲགས། རྗེས་སུ་བཞི་སྡེ་ཟུར་སྐྲུན་མཛད། རྗེ་བཙུན་ཀུན་དགའ་དོན་གྲུབ་དབུས་སྟོད་དུ་བཞུགས་སྐབས་ལྷ་སར་ཆུ་ཉེན་བྱུང་ནས་ཁོང་གིས་བཟློག་པའི་བདག་རྐྱེན་དུ་ར་མོ་ཆེ་གཙུག་ལག་ཁང་འདི་ཕུལ་བས་དེ་ནས་བཟུང་རྒྱུད་སྟོད་གྲྭ་ཚང་གི་ཚོགས་འཚོགས་ཡུལ་དུ་གྱུར། དེ་ནས་རིམ་བཞིན་སྡེ་སྲིད་ཟངས་རི་བ་བློ་བཟང་མཐུ་སྟོབས་ཀྱི་ར་མོ་ཆེའི་ཇ་ཁང་ར་བ་དང་བཅས་པ་ཞིག་གསོ་གསར་བཞེངས་དང་བཀའ་འགྱུར་ཁྱད་འཕགས་བཅས་བཞེངས། ཕོ་ལྷ་མི་དབང་གིས་ཆོས་ར་གསར་བཞེངས་ཀྱིས་ཕུལ། དེ་བཞིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གིས་བདག་གཉེར་རྐང་འཛིན་གྱིས་ཕྱི་ནང་ཀུན་ཏུ་ཉམས་གསོ་དང༌། འདུ་ཁང་ཆེན་མོར་མཆོད་རྫས་སོགས་གང་ཅིར་ཐོགས་མེད་ཕྱག་འདོན་མཛད་དེ་བསྐྱངས།
ར་ཆེ་གཙུག་ལག་ཁང་འདི་ཐོག་མར་རྒྱ་ལུགས་སུ་བྱས་ནས་བཞེངས་པས་བ་གམ་མཐོ་ལ་གསེར་ཟངས་ཀྱི་རྒྱ་ཕིབས་མཛེས་པ་སོགས་ཤིན་ཏུ་བརྗིད་ཆགས་པར་སྣང་ཡང་དུས་ཕྱིས་སུ་མེ་སྐྱོན་ཐེངས་འགའ་བྱུང་ནས་ཞིག་གསོ་རིམ་པ་བྱས་པ་དང༌། ལྷག་པར་དུ་རིག་གནས་གསར་བརྗེའི་ནང་གཏོར་བརླག་ཚབས་ཆེན་བྱུང་སྟབས་དེང་གི་ར་མོ་ཆེ་གཙུག་ལག་ཁང་འདི་ཕྱིས་སུ་བཞེངས་སྐྲུན་བྱས་པ་ཞིག་རང་ལས་ཐོག་མའི་དབྱིབས་ཆ་ཚང་རང་དུ་གནས་མེད་པའོ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...