སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གེ་སར་རྒྱལ་པོའི་བཞུགས་ཁྲི་དང་མདུན་ཅོག
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། ལྷ་མོ་ཚེ་སྐྱིད། དུས་ཚོད། 2008-7-7 17:21:46 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
  དེ་ཡང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལ་གཏོགས་པའི་འབྲོག་སྡེ་ཡངས་པ་རྐང་ཚ་རྫོང་གི་ནུབ་ཕྱོགས་སུ་ཆགས་པའི་ཅིར་མིན་ཞང་ནས་འདོ་བ་གོམ་སྟབས་ཅན་ཞིག་ལ་ཞོན་ཏེ།  ནུབ་བྱང་གཉིས་ཀྱི་བར་མཚམས་སུ་ཆུ་ཚོད་བཞི་ཡས་མས་སུ་སོང་ན།  ཅིར་མིན་ཞང་གི་སྟོན་ས་སྟེ་གསེར་ལ་ལུང་བར་སླེབ་ལ་ལུང་བ་དེའི་གཡོན་ཕྱོགས་ཀྱི་རི་རྩེ་ན་གྲུ་བཞི་གླིང་བཞི་ཅན་གྱི་ས་སྒང་རང་བྱུང་ཞིག་ཡོད་པ་དེའི་དབྱིབས་ནི་བླ་མའི་དྲུང་གི་མདུན་ཅོག་ཅིག་དང་ཨ་ན་མ་ན་རེད།  ཡང་མདུན་ཅོག་ཡོད་སའི་ཡུལ་དེ་ནས་བྱང་ཕྱོགས་སུ་ཅུང་ཙམ་སོང་ཙ་ན།  རི་རབ་ལྷུན་པོ་འདབས་ཆེ་ཞིང་རྩེ་མཐོ་བ།   ཁ་ནུབ་ཕྱོགས་སུ་འཁོར་འདུག་པ་ཞིག་པ་དེའི་དབུ་རྩེ་རྒྱབ་ལ་དགྱེས་ཞིང་མདུན་ཅུང་སྙོམས་ལ་དམའ་བས།  རྒྱལ་པོ་དབང་འདུལ་ཅན་ཞིག་གི་བཞུགས་ཁྲིའི་དབྱིབས་དང་ཁྱད་པར་མེད།  རྒྱང་རིང་ནས་ཕྱོགས་དེར་བལྟས་ན་བཞུགས་ཁྲི་མདུན་ཅོག་ལས་མཐོ་ཞིང་ཁ་ནུབ་ཕྱོགས་སུ་འཁོར་འདུག་པ་དང་།  མདུན་ཅོག་དེ་བཞུགས་ཁྲི་ལས་དམའ་ཞིང་ཁ་ཤར་ཕྱོགས་སུ་འཁོར་ཡོད།  ཕར་བསྟས་ཚོད་ལ་གང་ཟག་ལག་རྩལ་ཅན་ཞིག་གིས་བསམ་གཟས་ནས་བཞེངས་པའི་བཞུགས་ཁྲི་དང་མདུན་ཅོག་ཅིག་དང་གཉིས་སུ་མ་མཆིས།
  ས་ཆ་དེའི་སྐྱེ་བོ་རྣམས་ཀྱིས་བཤད་པ་ལྟར་ན།  ང་ཚོས་མཐོང་བའི་བཞུགས་ཁྲི་དང་མདུན་ཅོག་དེ་ནི་གླིང་གེ་སར་རྒྱལ་པོའི་བཞུགས་ཁྲི་དང་མདུན་ཅོག་ཡིན་ཟེར།  ཅིའི་ཕྱིར་ཞེ་ན།  རྒྱུ་མཚན་ངོ་སྤྲོད་ཀྱི་གཏམ་རྒྱུད་མདོར་བསྡུས་ཤིག་བརྗོད་པ་ནི་འདི་ལྟ་སྟེ།
  དེ་ཡང་སྐྱེས་མཆོག་འཛམ་གླིང་སེང་ཆེན་རྒྱལ་པོས་ཕྱོགས་བཞིའི་དགྲ་བཞི་བཏུལ་རྗེས་གོང་མ་ལྷའི་ལུང་བསྟན་ཅི་བཞིན་དམག་རྟ་ཁྲི་འབུམ་མང་པོའི་སྣ་དྲངས་ནས་རི་ནུབ་ཡུལ་དུ་ཕེབས་ཏེ།  མ་འགྱངས་པར་རྒྱལ་མཆོག་རིན་པོ་ཆེས་རི་ནུབ་རྒྱལ་པོ་སེང་གེ་གྲགས་པའི་ཀླད་ཁྲག་ལྷ་མདའ་འཕེན་ཐེངས་གཅིག་གིས་གཏོར་བ་དང་།  གླིང་གི་དཔའ་རྟུལ་རྣམས་ཀྱིས་ཀྱང་དེ་མ་ཐག་རི་ནུབ་རྒྱལ་པོའི་ཕོ་བྲང་བླངས་པ་ན།  གླིང་གི་སྒར་ཆེན་ནས་འབུམ་དམག་བརྒྱ་དང་དྲུག་ཅུ་རི་ནུབ་ཀྱི་ཕོ་བྲང་ཆེན་མོར་ལམ་སང་འབྱོར་ཞིང་།  ཐམས་ཅད་ཀྱིས་རི་ནུབ་ཡུལ་ཡོངས་སུ་བདེ་བར་བཀོད་དེ་རྒྱུ་ནོར་ལོངས་སྤྱོད་དང་། རིན་པོ་ཆེའི་བང་མཛོད་རྣམས་ཕྱེ་ནས་དབུལ་ཕོངས་རྣམས་ལ་སྦྱིན་པ་བཏང་།  གེ་སར་རྒྱལ་པོ་རིན་པོ་ཆེས་བློན་འབངས་ཐམས་ཅད་ཀྱི་མོས་པ་ལྟར་ཆོས་འཁོར་བསྐོར་ཞིང་བཀའ་ཁྱབ་སོགས་གནང་སྟེ།  ཡུལ་དེའི་ཕོ་མོ་རྒན་གཞོན་ཚང་མ་ནང་པ་སངས་རྒྱས་ཀྱི་ཆོས་འོག་ཏུ་བཅུག་པས།  འཕྲོས་ལུས་རི་ནུབ་པ་སངས་རྒྱས་ཀྱི་ཆོས་འོག་ཏུ་བཅུག་པས།   འཕྲོས་ལུས་རི་ནུབ་པ་ཐམས་ཅད་ཀྱི་སེམས་ལ་རྒྱལ་པོ་སེང་ཆེན་མཆོག་ནི་སངས་རྒྱས་དངོས་ཡིན་པའི་ཀུན་སློང་དབང་མེད་དུ་སྐྱེས་སོ།  དེ་ནས་དམག་དཔུང་རྣམས་ཡུལ་དེར་ཞག་བདུན་བཞུགས་པའི་ནངས་མོ་གེ་སར་ཡིད་བཞིན་ནོར་བུ་མཆོག་གིས་སང་ཉིན་ཉི་རྩེ་ཕོ་བྲང་གི་ཏོག་ལ་ཕོག་སྐབས་དཔོན་དམག་ཐམས་ཅད་མྱུར་དུ་ལོག་དགོས་པའི་བཀའ་གསུངས་གནང་བས།  ཕྱི་ཉིན་ཉི་རྩེ་ཤར་བའི་མོད་ལ་གླིང་གི་དཔའ་རྟུལ་རྗེ་བློན་རྣམས་རྒྱལ་ཁབ་མང་པོའི་དམག་བུ་རྟ་ཚང་མ་མཁར་སྒོ་གཅིག་ནས་བུད་པ་བཞིན་ཕྱིར་རྨ་ཁམས་གླིང་ཡུལ་ཁྲ་མོའི་ཕྱོགས་སུ་ཆས་སོ།
  དེ་ནས་ཉིན་ཞག་བརྒྱད་སོང་བའི་ནངས་མོ་ཁྲ་བོ་གླིང་ལ་བང་མི་འབྱོར་ཏེ།  གླིང་སེང་ཆེན་གཙོ་མཛད་པའི་རྒྱལ་བློན་ཐམས་ཅད་ཉིན་གསུམ་གྱི་རྗེས་སུ་ཕེབས་ཡོང་བའི་འཕྲིན་བཟང་བསྒྲགས་པའི་ཚེ།  ཡབ་སེང་ཆེན་རྒྱལ་པོ་དང་།  མ་ཡུམ་འགོག་བཟའ་ལྷ་མོ།  རྒྱལ་མོ་སེམ་ལྕམ་འབྲུག་མོ།  དར་བཟའ་ཆོས་སྒྲོན།  སྣང་གསལ་སྒྲོན་མ་བཅས་སྨན་མཆོག་བཅུ་གསུམ་ལ་སོགས་པར་དགའ་སྤྲོ་དཔག་མེད་སྐྱེས་ཤིང་།  རི་ནུབ་གཡུལ་ལ་ཞུགས་པའི་རྗེ་བློན་དམག་མི་རྣམས་ལ་ལོ་ཆང་དང་ཟླ་ཆང་ཉིན་ཆང་བཅས།  འཛམ་བུ་གླིང་གི་ཟས་སྣ་སྣ་ཚོགས་ལྷ་ཀླུ་དང་མཉམ་པའི་ལོངས་སྤྱོད།  བོད་ཁམས་ཡོངས་ཀྱི་ཟས་སྣ་འདུས་པ་དེ་དག་ཁྱེར་ནས་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་བྱང་འགྲམ་སྟེ་ད་ལྟའི་རྐང་ཚའི་གསེར་ལ་རི་རྒྱལ་གྱི་མདུན་དུ་རྒྱལ་པོ་སྐུ་འཁོར་བསུ་བར་ཆས་ཏེ།  ནུབ་རིའི་རྩེ་ནས་གེ་སར་རྒྱལ་པོ་མཆོག་ལ་བཞུགས་ཁྲི་བཞེངས་ཤིང་།   ཤར་རིའི་རྩེ་ནས་གེ་སར་རྒྱལ་པོའི་མདུན་ཅོག་བཞེངས་ཏེ་ཉིན་ཞག་གཅིག་ཙམ་ལ་བསྒུགས་ནས་བསྡད་ཙ་ན།  བཀྲ་ཤིས་གཟའ་སྐར་འཕྲོད་སྦྱོར་གྱི་ཉི་མ་སྟེ་ཧོར་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན།  གླིང་གི་དཔའ་རྟུལ་རྗེ་བློན་རྣམས་སྐར་ཚོགས་ཐང་ལ་བབས་པ་བཞིན་འབྱོར་བས།   ཐམས་ཅད་སྤྲོ་བ་དཔག་ཏུ་མེད་པ་རྒྱས་ཏེ་པི་ཝང་དང་སྦུབ་ཆལ།  སིལ་སྙན་ལ་སོགས་ཀྱི་རོལ་མོ་འབུད་རྡུང་དཀྲོལ་གསུམ་ལེགས་པར་མཛད་དེ།  རྒྱལ་པོ་རིན་པོ་ཆེ་ཁྲི་སྟེང་དུ་གདན་འདྲེན་ཞུས་པའི་མོད་ལ།   སྐྱ་ལོའི་སེང་ལྕམ་འབྲུག་མོ་དེས་གཡས་གསེར་བྱ་ནང་ནས་ཇ་འདྲེན་གཡོན་དངུལ་བྱ་ནང་ནས་ཆང་འདྲེན།  ཕུན་སུམ་ཚོགས་པའི་འཚོ་བ་དྲངས་ཤིང་།  དེར་ཉིན་ཞག་བདུན་ལ་ལས་དམག་རྣམས་ལ་ཀ་ར་བུ་རུམ་དང་སྦྲང་རྩི་མངར་མོ།  ཤ་ཆང་ཇ་མར་སོགས་འཛམ་བུ་གླིང་གི་ལོངས་སྤྱོད་ཕུན་སུམ་ཚོགས་པ་རྣམས་གསོལ་སྟོན་ལ་བཤམས་ཤིང་། 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...