སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འབྲུག་མོའི་སྦྲ་གུར།
རྩོམ་པ་པོ། གཅོད་པ་དོན་གྲུབ རྩོམ་སྒྲིག་པ། ལྷ་མོ་ཚེ་སྐྱིད། དུས་ཚོད། 2008-7-11 10:17:18 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
  དེ་ཡང་འབྲུག་མོའི་སྦྲ་གུར་ཞེས་པ་ནི་མཚན་སྙན་གྱི་བ་དན་སྲིད་གསུམ་རྩེ་ན་གཡོ་བའི་རི་རབ་ལྷུན་པོ་ཨ་མ་ཟོར་དགུའི་ཕང་བར་གནས་པའི་མཚོ་ལུང་མཚོ་བདུན་ཞེས་པའི་ཤར་མདུན་དུ།  སྦྲ་གུར་གཉིས་དངོས་སུ་ཕུབ་པ་ཇི་བཞིན་ལྷང་ངེར་མངོན་འདུག  རྒྱང་རིང་ནས་བལྟས་ན་སྦྲ་གུར་གཉིས་ཀྱི་དབྱིབས་དང་ཨ་ན་མ་ན་ཡིན་ཡང་། གམ་དུ་སོང་བ་ནས་ཞིབ་ཏུ་བལྟས་ན་རྩྭ་དང་མེ་ཏོག་སྣ་ཚོགས་ཀྱིས་གཡོགས་པའི་སྒང་འབུར་གཉིས་ཡིན་ཞིང་།  སྒང་འབུར་དེ་གཉིས་ཀྱི་འདབས་སུ་དྭངས་ཤིང་བསིལ་བའི་རྫ་ཆུ་ལྷུང་ལྷུང་དུ་འབབ་བཞིན་འདུག  སྒང་འབུར་དེ་གཉིས་ལ་འབྲུག་མོའི་སྦྲ་གུར་ཞེས་ཐོགས་དོན་ཅི་ཡིན་ཞེ་ན།  དེ་ལ་དམངས་ཁྲོད་ཀྱི་བཤད་ཚུལ་རྣར་སྙན་པ་ཞིག་ཡོད་པ་ནི་འདི་ལྟ་སྟེ།
   དེ་ཡང་སྐུ་རྗེ་སེང་ཆེན་རྒྱལ་པོ་ཁོང་ཉིད་མ་ཨ་ནེ་གོང་སྨན་རྒྱལ་མོའི་ལུང་བསྟན་ལྟར་མ་རུངས་ན་ནག་པོ་བདུད་འདུལ་བར་ཆས་པ་ན།  སྐྱ་ལོའི་སེང་ལྕམ་འབྲུག་མོ་ཡིད་སྐྱོ་བས་མ་བཟོད་པར་མིག་ལས་མཆི་མ་བ་སོའི་ཕྲེང་ཐག་ཆད་པ་ལྟར་ཕྲོམ་ཕྲོམ་དུ་བཞུར་བཞིན་རྟ་ནག་རྒོད་མ་བློ་ཁྲིད་ལ་ཞོན་ཏེ།  འཛམ་གླིང་གེ་སར་རྒྱལ་པོའི་རྗེས་དེད་ནས་ལ་ལུང་ནགས་ལུང་མང་པོ་བརྒྱུད་ནས་སོང་ཙ་ན།  ཡུལ་མཆོག་གྱུར་མཚོ་ལུང་མཚོ་བདུན་ཞེས་པའི་ཤར་མདུན་དུ་རྩྭ་ཆུ་གཉིས་འཛོམས་ཀྱི་རྫ་ལུང་ཡངས་པ་ཞིག་ཡོད་པ་དེ་རུ་ཁོང་ཡབ་ཡུམ་གཉིས་ཞལ་མཇལ་བྱས་ཏེ།   དོ་ནུབ་དེར་ཞག་བཞུགས་མཛད་པའི་སྐབས་སུ།  མ་ཨ་ནེ་གོང་སྨན་རྒྱལ་མོས་འཛམ་གླིང་རྒྱལ་བོ་ལ།  སེམས་སྡུག་མི་དགོས་གེ་སར་ཁྱོད།།  དོ་ནུབ་འབྲུག་མོ་གཉིད་སོང་དུས།།  དེ་ཚེ་ཚ་བོ་བྲོས་ལ་སོང་།།  ངས་ཐབས་མཁས་སྤྲུལ་བས་ས་མཚམས་གཅོད།། ཅེས་པའི་ལུང་བསྟན་གནང་བྱུང་བས།  དེར་རྒྱལ་པོས་ཨ་ནེའི་གསུང་དང་དུ་བླངས་ཏེ་ནུབ་དེར་འབྲུག་མོ་གཉིད་ལོག་སྐབས་མྱུར་དུ་ཡར་བཞེངས་ནས་ཕེབས་སོང་བ་ལགས།
  ཕྱི་ཉིན་ནམ་ལངས་པའི་ཚེ་མ་ཨ་ནེ་གོང་སྨན་རྒྱལ་མོས་སྤྲུལ་བའི་ངང་ནས་དེར་ཆུ་བོ་ཆེན་པོ་བརྒལ་ཐབས་མེད་པ་ཞིག་བཅོས་ཤིང་།  རྒྱལ་པོས་ཀྱང་རྟ་རྐྱང་རྒོད་གཡེར་བ་དེ་ཙན་དན་སྡོང་བོ་ཞིག་ཏུ་སྤྲུལ་བ་དང་།  ཁོང་རང་ཉིད་དགེ་བཤེས་དམ་པ་ཞིག་སྤྲུལ་ཏེ་སོང་།  དེ་ནས་འབྲུག་མོ་གཉིད་ལས་སད་དེ་ཕྱོགས་བཞིར་བལྟས་ཚེ།  རྒྱལ་པོ་གེ་སར་ཕེབས་ནས་མི་འདུག་པས་སེམས་སྡུག་བསྔལ་ཚད་མེད་ཀྱིས་མནར་ཏེ་འདུག་ཐབས་མེད་པ་ལྟར་འཕྲལ་དུ་རྒོད་མ་བློ་ཁྲིད་ལ་ཞོན་ནས་རྗེས་དེད་ཀྱང་མདུན་དུ་ཆུ་བོ་ཆེན་པོ་ཞིག་གིས་བཀག་འདུག་པས་ཕྱིར་མི་ལོག་ཀ་མེད་བྱུང་།  དེར་འབྲུག་མོ་གཅིག་པུ་སྟོང་ལུང་སྟོང་བརྒྱུད་དེ་ཕྱིར་མཚོ་ལུང་མཚོ་བདུན་གྱི་ཤར་མདུན་གྱི་རྫ་ལུང་ཡངས་པ་དེར་སླེབས་ཙ་ན་མུན་རུབ་པས།  ད་ཅི་བྱ།  དོ་ནུབ་གང་དུ་འདུག་བསམ་པའི་སྐབས་དེར།  མ་ཨ་ནེ་གོང་སྨན་རྒྱལ་མོས་སེང་ལྕམ་འབྲུག་མོ་ལ་སྐྲག་འཇིགས་ཡོང་བར་གཟིགས་ནས་སྤྲུལ་བས་གློ་བུར་དུ་འབྲུག་མོའི་མདུན་དུ་ཟས་གོས་གཉིས་འཛོམས་ཀྱི་སྦྲ་གུར་གཉིས་མངོན་དུ་བཅུག་ཅིང་།  མཐའ་རུ་རྩྭ་ཆུ་གཉིས་འཛོམས་ཡིན་པ་མ་ཟད།  ཕྱུགས་རིགས་རྟ་ནོར་ལུག་གསུམ་གྱིས་ཀྱང་བཀང་འདུག  དེར་འབྲུག་མོ་ཡིད་ཅུང་ཙམ་དགའ་སྟེ་དོ་ནུབ་སྦྲ་གུར་ནང་དུ་ཞག་བཞུགས་གནང་བ་ལགས་པས།  འབྲུག་མོའི་སྦྲ་གུར་ཞེས་པའི་མིང་ཡང་དེ་ནས་ཐོགས་སོ།  ཕྱིས་སུ་སེང་ལྕམ་འབྲུག་མོ་ལ་རྗེས་དྲན་ཞུ་ཆེད་སྦྲ་གུར་དེ་གཉིས་རིམ་གྱིས་སྒང་འབུར་གཉིས་སུ་གྱུར་ཏེ་དུས་གཏན་དུ་ང་ཚོའི་སེམས་སུ་གནས་པར་གྱུར་ཏོ་ཞེས་གནའ་མི་རྒན་པོ་རྣམས་ཀྱིས་མ་བཅོས་རང་ཤུགས་སུ་གླེང་བཞིན་གདའ་འོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...