སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྐད་ཡིག་སློབ་ཁྲིད་དང་མི་གཤིས་གསོ་སྦྱོང་ཞེས་པའི་འཆད་ཁྲིད་གནང་།
རྩོམ་པ་པོ། སྟག་རིག་འབྲུག་ཐར། རྩོམ་སྒྲིག་པ། Lhamo དུས་ཚོད། 2014-6-11 10:59:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་སྐད་ཡིག་སློབ་ཁྲིད་དང་མི་གཤིས་གསོ་སྦྱོང་ཞེས་པའི་འཆད་ཁྲིད་
དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་སྐད་ཡིག་སློབ་ཁྲིད་དང་མི་གཤིས་གསོ་སྦྱོང་ཞེས་པའི་འཆད་ཁྲིད་གནང་།

      ཟླ6པའི་ཚེས10ཉིན་གྱི་དགོང་མོའི་དུས་ཚོད་བདུན་གྱི་སྟེང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་སྐད་ཡིག་སློབ་ཁྲིད་དང་མི་གཤིས་གསོ་སྦྱོང་ཞེས་པའི་འཆད་ཁྲིད་ཅིག་གནང་སོང་།
      ཕྱི་དྲོའི་དུས་ཚོད་དྲུག་ནས་བཟུང་གནའ་མཁར་ཟི་ལིང་གི་ལས་ཁུངས་སོ་སོའི་རིག་གནས་པ་དང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གྲོགས་རྣམས་མ་བོས་རང་འདུས་སུ་དགེ་ཐོན་སློབ་ཆེན་གྱི་འཆད་ཁྲིད་ལ་གཟས་ནས་སླེབས་འདུག སློབ་གྲྭ་དེ་གའི་སྡེ་ཁག་སོ་སོའི་སློབ་གྲོགས་རྣམས་ཀྱིས་ཀྱང་ལག་ཏུ་ཟིན་བྲིས་དེབ་དང་སྨྱུ་གུ་བཟུང་ནས་འཚང་ཁ་ཤིག་ཤིག་ཏུ་སློབ་ཁང་དུ་འཛོམས།


འཆད་ཁྲིད་བྱེད་པའི་ཡུལ་དངོས་ཀྱི་ཟུར་ཞིག

      ཐོག་མར་རྒན་ལགས་ཀྱིས་རང་རིགས་ཀྱིས་རིག་གནས་ལ་བཟུང་བའི་འདུ་ཤེས་དང་མི་རིགས་གཞན་པས་རིག་གནས་ལ་བཟུང་བའི་འདུ་ཤེས་གཉིས་གཤིབ་བསྡུར་སྒོས་འཆད་ཁྲིད་ཀྱི་མགོ་བསླངས་རྗེས། སྐད་ཡིག་སློབ་ཁྲིད་དང་མི་གཤིས་གསོ་སྦྱོང་གི་རིམ་པ་ཆེན་པོ་གཉིས་བྱེ་བྲག་སྒོས་ནང་གསེས་རིམ་པ་འགའ་རེ་བགར་ནས་འཆད་ཁྲིད་གནང་། རིམ་པ་དང་པོའི་ནང་དུ་བོད་ཀྱི་ཡི་གེའི་ཁྱད་ཆོས་དང་བྱེད་ནུས་སོ་སོ་གོ་སླ་བའི་དཔེར་བརྗོད་དུ་དྲངས་ནས་འཛམ་གླིང་ཡི་གེའི་གནས་བབ་དང་དཀྱུས་གཅིག་ཏུ་བསྲེས་ནས་གཤིབ་བསྡུར་དང་འདྲ་མིན་གྱི་ཁྱད་པར་བརྗོད། དེའི་ཁར་སྔོན་བྱོན་སློབ་དཔོན་བཀའ་དྲིན་ཅན་རྣམ་པས་བོད་ཡིག་གསར་གཏོད་མཛད་པའི་བློ་གྲོས་ལ་བསྔགས་བརྗོད་སྒོས་རྗེས་རབས་པར་རང་གི་རིག་གནས་ལ་ཤ་འབད་རུས་འབད་བྱེད་དགོས་པའི་ཁ་ཏ་སློབ་གསོ་གནང་། རིམ་པ་གཉིས་པའི་ནང་དུ་མི་རིགས་སོ་སོའི་སྐད་རིགས་ཀྱི་ཁྱད་ཆོས་དེ་རང་རིགས་སྐད་རིགས་ཀྱི་ཁྱད་ཆོས་ལ་གཤིབ་བསྡུར་མཛད་ཅིང་། བྱེ་བྲག་ཏུ་མདོ་དབུས་ཁམས་གསུམ་དང་ལུང་པ་སོ་སོའི་ཕ་སྐད་ཀྱི་ཁྱད་ཆོས་དང་འདྲ་མི་འདྲའི་གནས་བབ་དེ་ཕ་སྐད་གཅིག་གྱུར་ལ་གཞོལ་དགོས་པའི་རེ་འདུན་ལེགས་པོ་བསྟན། དེའི་ཞོར་དུ་རང་གི་རིག་གནས་ཀྱི་ཟུར་མི་འདྲ་བ་ནས་གུས་བརྩི་ལྡན་ཞིང་རྒྱུ་འབྲས་མཐོང་བ། སྙིང་རྗེའི་ས་བོན་མངའ་བའི་མི་གཤིས་ལེགས་པོའི་དགེ་མཚན་དེ་ཕྱིས་འབྱུང་འཚོ་བའི་ཁྲོད་ནས་ལེགས་སྤེལ་ཉེས་འགོག་སྒོས་བཟང་ཐོག་བཟང་བརྩེགས་ཀྱི་དཀར་པོའི་ལས་ལ་འབད་དགོས་ཤིང་རང་གི་རིག་གནས་དང་རིག་གནས་གཞན་དག་ལ་བརྩོན་པའི་རྒྱུན་ཐག་ལྷོད་མི་ཉན་པའི་འབོད་སྐུལ་ཡང་ཡང་བསྒྲགས།
      མཇུག་མཐར་ཉན་མཁན་གསུམ་ལྷག་གིས་རང་སེམས་གཙང་མའི་དོགས་སློང་དང་དྲན་ཚུལ་ལྷུག་པོར་བརྗོད་ཅིང་རྒན་ལགས་ཀྱིས་སྟབས་བདེ་དང་འཛིན་བདེའི་ཐབས་ལ་བརྟེན་ནས་དྲིས་ལན་ཡག་པོ་གནང་རྗེས་དེར་འདུས་ལྟ་མཁན་དང་གསན་མཁན་རྣམ་པའི་ཐེབ་མོའི་རྡེབ་སྒྲའི་ཁྲོད་འཆད་ཁྲིད་བདེ་བླག་ངང་མཇུག་རྫོགས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...