སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལས་རིགས་སློབ་གསོ་དེ་སྒོ་ཕྱིར་ཕྱིན་ཚེ་གནམ་ས་ཡངས།
རྩོམ་པ་པོ། ཨ་དགེ་འདུན། རྩོམ་སྒྲིག་པ། Michung དུས་ཚོད། 2016-11-14 15:20:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     ཉེ་ཆར། ང་རང་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭར་རྟོག་དཔྱོད་ཞིབ་འཇུག་ཏུ་ཕྱིན་པ་ཡིན། ད་ལྟའི་སློབ་གྲྭའི་དར་རྒྱས་ཀྱི་རྣམ་པ་མཐོང་བས་རང་ཉིད་ཀྱི་ཡིད་སེམས་དགའ་བ་འབུམ་གྱིས་མྱོས་སོང......
     2011ལོའི་ཟླ6པར། རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར་ང་རང་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པའི་ལས་གནས་སུ་སྤར་ཏེ། བྱེ་བྲག་ཏུ་སློབ་གསོའི་བྱ་བར་དོ་དམ་བྱེད་པའི་ལས་བགོས་བྱས། ཟླ་གཅིག་རིང་གི་གཏིང་ཟབ་ཀྱི་རྟོག་དཔྱོད་ཞིབ་འཇུག་བརྒྱུད་ནས། ང་རང་གི་ཐོག་མའི་བསམ་ཚོར་ལ་མཚོ་ལྷོ་ཁུལ་གྱི་སློབ་གསོའི་རྨང་གཞི་སྒྲིག་བཀོད་ནི་མཚོ་སྔོན་བོད་ཁུལ་གྱི་ཨང་དང་པོ་ཡིན་ངེས་ལ། དགེ་རྒན་གྱི་སྟོབས་ཤུགས་ཀྱང་ཨང་དང་པོ་ཡིན། ལྷག་པར་དུ་ཀོས་ནན་རྫོང་གི་སློབ་སྔོན་སློབ་གསོ་ལ་མངོན་གསལ་གྱི་ཁྱད་ཆོས་འདུག  འོན་ཀྱང་གནད་དོན་ཞིག་གིས་མི་ལ་མགོ་བོ་ན་བར་བྱེད་དེ། དེ་ནི་ཁུལ་ཡོངས་སུ་ལོ་རེར་མཐོ་འབྲིང་དང་དམའ་འབྲིང་གི་སློབ་མ་ཆིག་སྟོང་ལ་ཉེ་བ་ཞིག་རྒྱུན་མཐུད་དེ་སློབ་གྲྭ་འགྲིམས་མི་ཐུབ་པའི་གནས་ཚུལ་དེ་རེད། དེའི་རྒྱུ་མཚན་ལ་བརྟག་ཚེ། གཙོ་བོ་ནི་འབྲེལ་ཡོད་གཏན་འཁེལ་ལྟར་ན་མཐོ་འབྲིང་སློབ་གྲྭས་དམའ་འབྲིང་མཐར་ཕྱིན་སློབ་མའི་བརྒྱ་ཆའི་དྲུག་བཅུ་མ་གཏོགས་མི་བསྡུ་ཞིང་། ལྷག་མ་རྣམས་ངེས་པར་དུ་ལས་རིགས་སློབ་གསོའི་འཆར་གཞིར་འགོད་དགོས། དེ་ལྟར་བྱས་ཚེ་ད་དུང་བརྒྱ་ཆའི་ཉི་ཤུ་ལ་ཉེ་བའི་མཐོ་འབྲིང་མཐར་ཕྱིན་སློབ་མ་རྣམས་ཤུལ་དུ་ལུས་ནས་སྤྱི་ཚོགས་སྟེང་བགྲོད་དགོས་བྱུང་བ་རེད། རང་ཁུལ་གྱི་ལས་རིགས་སློབ་གསོ་ནི་གོམ་ཁ་སྤོ་འཕྱི་ཞིང་རྨང་གཞི་ཞན་ལ། ཆེད་ལས་ཉུང་ཞིང་དགེ་རྒན་གྱི་སྟོབས་ཤུགས་ཞན་པ་བཅས་ཀྱི་དབང་གིས་སློབ་མ་མང་པོ་འདྲེན་འགུག་དང་བསྡུ་ལེན་བྱེད་མི་ཐུབ། གཞན་དུ་ཁྱིམ་བདག་རྣམས་ཀྱིས་ལས་རིགས་སློབ་གསོ་ལ་བཟུང་བའི་ལྟ་ཚུལ་དང་ངོས་འཛིན་མི་ཟབ་པའི་རྐྱེན་གྱིས། ཁྱིམ་བདག་མང་པོ་ཞིག་གིས་ཁ་བཏགས་བཟུང་སྟེ་ང་རང་བཙལ་ནས། ཡང་ན་བྱིས་པ་འདི་མཐོ་འབྲིང་དུ་འཇུག་རོགས། དེ་མིན་ན་ལམ་ཞིག་སྟོན་རོགས། གང་ལྟར་བྱིས་པ་འདི་ཡུལ་ནས་མ་ལུས་པར་ཁྱིམ་མི་དག་ལ་ལ་རྒྱ་ཞིག་རྩོད་ཐུབ་ན་ཆོག་ཅེས་ཟེར། ངའི་བསམ་པར་ང་རང་གི་ཁུལ་གཙོ་གཞོན་པའི་སྐབས་ཐེངས་གཅིག་ནི་ལོ་ལྔ་རེད། ལོ་རེར་བྱིས་པ་ཆིག་སྟོང་ཙམ་སྤྱི་ཚོགས་སུ་ཞུགས་པའི་དབང་དུ་བཏང་ན་ལོ་ལྔར་སྟོང་ཚོ་ལྔ་རེད། དེའི་ཕག་ཏུ་འདུག་པ་ནི་ཁྱིམ་ཚང་སྟོང་ཚོ་ལྔ་རེད། འདི་ནི་ཅི་འདྲའི་གྲངས་ཀ་ཆེན་པོ་ཞིག་རེད་ཨང་སྙམ་བྱུང་།
     དུས་ཡུན་རིང་བོ་ཞིག་གི་ནང་ང་རང་གཉིད་དང་བྲལ་བར་གྱུར། ཁྱིམ་བདག་ཚོས་དཀའ་སྡུག་ཁུར་དུ་འཁྱེར་ནས་བྱིས་པ་རྣམས་སློབ་གྲྭར་བསྐྱལ། ད་ལྟ་བྱིས་པ་རྣམས་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་ཁུར་བོར་གྱུར་འདུག གལ་ཏེ་ཁོ་ཚོ་སློབ་གྲྭར་བསྐྱལ་མེད་པས་ན། ལུག་རྫི་བཟང་བོ་ཞིག་གམ་ཡང་ན་ཞིང་ལས་པ་བཟང་བོ་ཞིག་ཏུ་གྱུར་ཡོད་ཀྱང་སྲིད། ད་ནི་ཡར་ལ་མི་མཁོ་མར་ལ་མི་དགོས་པའི་གནས་སུ་གྱུར་འདུག ང་ཚོས་ཅི་ཞིག་བྱ་ཨང་། ངས་ཡང་ཡང་བསམ་བློ་བཏང་རྗེས། གངས་ལྗོངས་ཀྱི་རྩྭ་ཐང་དང་རི་ལུང་བརྒལ་ནས་ལག་རྩལ་བསླབས་ཏེ་གནམ་འོག་ཉུལ་དུ་འགྲོ་རྒྱུའི་སེམས་ཐག་བཅད།
     2009ལོར། ངས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་རུ་ལས་འཁུར་སྦྱོང་བརྡར་བྱེད་སྐབས། དེ་གར་འོད་མདངས་ལས་རིགས་ལྟེ་གནས་ཟེར་བའི་སྡེ་ཁག་ཅིག་ཡོད་ཅིང་། ཁོང་ཚོ་ལ་ཤེས་བསྐྱེད་སློབ་རོགས་ཐད་ཀྱི་འགན་འཁྲི་ཡོད་པ་ཤེས། འབྲེལ་གཏུག་བརྒྱུད་ནས་ཁོང་ཚོས་རོགས་རམ་བྱ་རྒྱུར་འཐད་པ་བྱུང་བ་སྟེ། ཁོང་ཚོས་གཅིག་ནས་ངོ་ཤེས་ལ་བརྟེན་ནས་རོགས་སྐྱོར་ལས་དོན་སྤེལ་འདོད་པ་དང་། གཉིས་ནས་བོད་ཁུལ་གྱི་བྱིས་པ་རྣམས་ལ་དོན་བཟང་ཞིག་སྒྲུབ་འདོད་ཧ་ཅང་ཆེ། དེ་བས། ངས་རང་གི་བསམ་ཕྱོགས་དེ་སྐབས་དེའི་ཁུལ་ཨུའི་ཧྲུའུ་ཅི་ཏུའུ་ཅེ་དང་ཁུལ་དཔོན་ཀྲང་ཝུན་ཁུའེ་རྣམ་གཉིས་ལ་ཡར་ཞུ་བྱས་པ་ན། ཁོང་གཉིས་ཀྱིས་བློ་ཐག་རྦད་ཆོད་ཀྱིས་རྒྱབ་སྐྱོར་བྱེད་རྒྱུའི་རྣམ་འགྱུར་བསྟན།
     འགན་ཁུར་མར་གཏོང་བྱས་ཏེ་རྫོང་རེ་ལ་སློབ་མ120དང་ཁུལ་ཡོངས་ལ་བསྡོམས་པས་སློབ་མ600ཡི་གྲངས་འབོར་ཡིན་ཞིང་། རྫོང་སྲིད་གཞུང་གིས་ཁག་ཐེག་བྱས་ཏེ་ཆད་ནོར་མེད་པའི་སྒོ་ནས་འགན་ཁུར་ཡོངས་འགྲུབ་བྱེད་དགོས་པའི་རེ་བ་བཏོན། རྫོང་སྲིད་གཞུང་གིས་ཀྱང་འབད་པ་བྱས་པས་འགན་ཁུར་གྱི་དམིགས་ཚད་ཡོངས་སུ་འགྲུབ་པར་བྱས།(རྗེས་སུ་ཤེས་གསལ་ལྟར་ན། མང་པོ་ཞིག་གྲངས་ཀ་ཚགས་པའི་ཕྱིར་དུ་གོང་ཞུ་བྱས་པ་མ་གཏོགས་དོན་དངོས་སུ་མེ་འཁོར་ལ་བུད་པའི་མི530ལས་མེད་ཅིང་། མི70ལམ་བར་ནས་ཆད་སོང་།) ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་འབྲེལ་གཏུག་བྱས་པ་བརྒྱུད་ལྕགས་ལམ་པུའུ་ཡིས་ཆེད་དུ་འཁོར་ཚིགས་ལྔ་ཆོག་བཀོད་གནངས་ཏེ། ང་དང་ཁུལ་སློབ་གསོ་ཅུ་ཡི་ཅུ་ཀྲང་གཞོན་པ་ལིང་ཞི་ཅུན། རྫོང་ལྔའི་སློབ་གསོ་དོ་དམ་གྱི་རྫོང་དཔོན་གཞོན་པ། རྫོང་སོ་སོའི་སློབ་གསོ་ཅུ་ཀྲང་བཅས་སྣེ་ཁྲིད་འགོ་ཁྲིད་དང་དགེ་རྒན་མི་བཅུ་ལྷག་དང་ཤེས་རིག་ལག་རྩལ་སྦྱོང་འདོད་ཀྱི་འདུན་པ་སྙིང་ལ་བཅངས་པའི་བྱིས་པ530ཟི་ལིང་ནས་ཤར་དུ་བསྐྱོད་པའི་ལམ་དུ་ཆས......
     བྱིས་པ་ཡོད་ཚད་ཐོག་དང་པོར་མེ་འཁོར་ལ་བསྡད་པ་ཡིན་ཞིང་། ཕ་མ་དང་ཕ་ཡུལ་ལ་བྲལ་ནས་ཐོག་དང་པོར་མཚོ་སྔོན་གྱི་ས་མཚམས་བརྒལ་བ་ཡིན། གཞོན་ནུ་ལོ་ཆུང་ཚོའི་སྤྲོ་དགའ་འམ་ངོ་མཚར་གྱི་འཛུལ་ཞལ་དང་། ཕ་ཡུལ་གྱི་བྲོ་མངར་ལྡང་བའི་ཡུལ་གླུ། ད་དུང་བཞུད་ལམ་ཧྲིལ་བོའི་ཁྲོད་ཀྱི་མགྲོན་པོ་རྣམས་ཀྱི་གུས་ཞུ། མེ་འཁོར་ཞབས་ཞུ་བའི་བྱམས་ཤིང་བརྩེ་བའི་ཐུགས་ཁུར། འདི་དག་གིས་ང་ཚོ་སྣེ་ཁྲིད་པ་དང་དགེ་རྒན་རེ་རེར་སེམས་གཏིང་ནས་ཡིད་འགུལ་དང་སྐུལ་ལྕག་ཐེབས་པར་བྱས། ངའི་ཡིད་ལ་ད་ཐེངས་ཀྱི་གོམ་པ་འདི་སྤོས་པ་འགྲིག་སོང་སྙམ་བྱུང་།
     ཧྲན་ཏུང་ཆུའུ་ཧྥུའུ་རུ་འབྱོར་བ་ན། ང་ཚོ་མགྲོན་སྐྱེལ་རླངས་འཁོར་ཆེན་པོ་བཅུ་ལྷག་གི་ནང་དུ་བསྡད་ཅིང་། ཉེན་རྟོག་པའི་རླངས་འཁོར་གྱིས་སྔ་གཞུག་ཏུ་ལམ་ཕྱེས་ལ། འགེལ་ཤོག་སྟེང་དུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་བུ་སྟོང་ཕྲག་གཅིག་ཆུའུ་ཧྥུའུ་རུ་སློབ་སྦྱོང་དུ་ཡོང་བར་དགའ་བསུ་ཞུ་ཞེས་བྲིས་ཡོད་པ་དང་། ལམ་འགྲམ་གྱི་མང་ཚོགས་ཀྱིས་ལག་གཡུག་བྱས་ནས་ང་ཚོ་ལ་གུས་བཀུར་གྱི་བརྡ་སྟོན་པར་བྱེད་ཅིང་། ངོ་མས་ཤིན་ཏུ་གཟབ་རྒྱས་རེད་དེ། སྐབས་དེའི་རྣམ་པ་ནི་མཚོ་བསྐོར་ལྕགས་རྟ་འགྲན་སྡུར་གྱི་རྣམ་པ་དང་ཀུན་ནས་མཚུངས་སོ། །སློབ་མགོ་རྩོམ་པའི་མཛད་སྒོ་ནི་ཧྲན་ཏུང་ཆུའུ་ཧྥུའུ་དགེ་ཐོན་སློབ་ཆེན་དུ་བསྡུས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཏུའུ་ཅེ་ལགས་པེ་ཅིན་ནས་དེ་གར་ཡོང་སྟེ་གསུང་བཤད་གལ་ཆེན་གནངས་པ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཅུ་ལྔ་བའི་ཅུ་ཀྲང་གཞོན་པའམ་འོད་མདངས་ལྟེ་གནས་ཀྱི་བའེ་ཏིན་ཐེན་དང་ཆུའུ་ཧྥུ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། སློབ་གཙོ་སོགས་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ། བྱིས་པ་རྣམས་ཀྱིས་སྐྱེས་མཆོག་ཁུང་ཙི་ཡི་འཁྲུངས་ཡུལ་གྱི་གྲགས་ཅན་སློབ་ཆེན་དུ་སློབ་མ་ཚོའི་སློབ་སྦྱོང་དང་འཚོ་བ་ལ་ཡིད་སྨོན་དང་ངོ་མཚར་སྐྱེས་བཞིན་མཆིས། ཡོད་ཚད་ཀྱི་མགོ་རྩོམ་ས་ནི་དེ་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་།
     ཡིན་ན་ཡང་། ཐོག་དང་པོའི་ཚོད་རྒྱུགས་ཀྱིས་ང་རང་སྐྲག་ཏུ་བཅུག་སོང་། བྱིས་པ་མང་ཆེ་བ་ནི་སློབ་ཆུང་གི་ཆུ་ཚད་ཡིན་ཞིང་སྐོར་ཞིག་གིས་རང་གི་མིང་ཡང་འབྲི་མི་ཤེས་ལ། སྐད་ཆའི་བརྗེ་རེས་ནི་དེ་ལས་ཀྱང་གནད་དོན་ཆེ་བར་གྱུར། ད་ནི་ཇི་ལྟར་བྱ་འམ། སློབ་གྲྭའི་ཕྱོགས་ལ་ཇི་ལྟར་བརྗོད་དམ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་འོད་མདངས་ལྟེ་གནས་ལ་ཇི་ལྟར་འགྲེལ་བཤད་བྱའམ། ང་རང་ལ་གསལ་བཤད་བྱེད་རྒྱུ་ལས་ཐབས་ཅང་མ་མཆིས། ངས་ངེད་ཅག་གི་སློབ་མས་ཆུང་དུས་ནས་བོད་ཡིག་སློབ་སྦྱོང་བྱས་ཏེ་མང་ཆེ་བས་རྒྱ་ཡིག་སློབ་མ་མྱོང་ཞེས་བཤད་པས། སློབ་གྲྭའི་ཕྱོགས་ཀྱིས་ང་ཚོ་གྲངས་ཉུང་མི་རིགས་ཡིན་པའི་ཁ་ངོར་བལྟས་ནས་གོ་ལོན་བྱས་སོང་། དེར་མཐུད་ནས་བྱིས་པ་རྣམས་ཡིད་ཆད་བྱུང་བ་རེད། སློབ་མགོ་རྩོམ་པའི་མཛད་སྒོ་ནི་དེ་ལྟ་བུའི་སློབ་ཆེན་ཞིག་ཏུ་སྤེལ་ཞིང་། དོན་དངོས་ཀྱི་སློབ་སྦྱོང་བྱེད་སའི་ལས་རིགས་སློབ་གླིང་ནི་མཐའ་ཁུལ་དུ་གནས་ཤིང་རྨང་གཞིའི་སྒྲིག་བཀོད་ཀྱང་ཐབས་ཆག་ཅིག་འདུག འདི་ནི་ངས་སྔོན་དཔག་བྱེད་མ་ཐུབ་པའི་ཁར་ཡིད་ལ་ཡང་མ་འཆར། ཕྱི་ཉིན། ངས་སློབ་གྲྭས་རྒྱུན་ལྡན་ལྟར་སློབ་མགོ་རྩོམ་པར་བཀོད་སྒྲིག་བྱས་རྗེས་རང་གིས་ཕྱོགས་ཀུན་ཏུ་ངོ་ཤེས་བཙལ་ནས་ཐབས་བཀོད་འཐེན་པ་ཡིན། ངའི་བསམ་པར་གང་ལྟར་དཀའ་སྡུག་ཁྱད་བསད་ཀྱིས་སྒོར་བུད་ཟིན་པས། ངེས་པར་དུ་སློབ་གྲྭ་ཆ་རྐྱེན་ཅུང་ལེགས་པོ་ཞིག་ཏུ་བརྗེ་དགོས་པ་དང་། བྱིས་པ་ཚོར་སློབ་འབྲས་བཟང་བོ་ཞིག་ལོན་ཏུ་འཇུག་དགོས་སྙམ་སྟེ། ཕྱོགས་མང་པོར་འབད་བརྩོན་གྱིས་འབྲེལ་འདྲིས་བྱས་པ་བརྒྱུད་ནས། ཉིང་དབྱང་ལས་རིགས་ལག་རྩལ་ཆེད་ལས་སློབ་གླིང་དུ་འབྲེལ་གཏུག་བྱས་ཤིང་། སློབ་གླིང་འདི་ནི་ཧྲན་ཏུང་དུ་ཆ་རྐྱེན་ཅུང་བཟང་བའི་སློབ་གླིང་གི་གྲས་སུ་གཏོགས་པས་སློབ་གྲོགས་རྣམས་དེ་རུ་སྤར་བ་ཡིན།
     ང་དང་སློབ་གསོ་དོ་དམ་གྱི་རྫོང་དཔོན་རྣམས་ཧྲན་ཏུང་དུ་གཟའ་འཁོར་གཅིག་ལ་བསྡད་ནས་ཕྱིར་ལོག་རྗེས། བསམ་ཡུལ་ལས་འདས་བའི་དོན་དག་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་དུ་བྱུང་ཞིང་ངའི་ཁ་པར་ནི་འགས་ལ་ཉེ་བར་གྱུར། དེ་གའི་སློབ་གཙོ་དང་དགེ་རྒན་རྣམས་ཀྱིས་ང་རང་ཕྱིར་ཡོང་དགོས་པར་བཤད་ཅིང་། ང་ཚོས་མངགས་པའི་འཛིན་བདག་དགེ་རྒན་རྣམས་སྡུག་ལ་ཐུག་ནས་ངུ་འབོད་བྱས། སྣེ་འཁྲིད་པ་ཁུལ་སློབ་གསོ་ཅུའི་ཅུ་ཀྲང་གཞོན་པ་ལིང་ཞི་ཅིན་གྱིས་ངོ་མས་རྒྱུན་སྐྱོང་མ་ཐུབ་ཐལ་ཞེས་ཡར་ཞུ་བྱས། མ་རབས་དང་ལ་རྒྱ་མེད་པའི་བྱིས་པ་འདི་དག......  ཁོ་ཚོ་ཟླ་གཅིག་གི་དུས་ཡུན་ནང་དུ་སློབ་གྲྭ་བཞི་བརྗེས་ཤིང་། མཐའ་མར་སླར་ཡང་ཐོག་མར་བཀོད་སྒྲིག་བྱས་པའི་སློབ་གྲྭ་དེ་རུ་སོང་།
     བལྟས་བལྟས་ལ་བྱིས་པ་རྣམས་ཀྱིས་འུར་ཟིང་བསླངས་ཏེ་ཕྱིར་ལོག་རྩིས་བྱས་པས། ངས་ཡང་བསྐྱར་ཁོ་ཚོ་དང་སྙིང་ཁོག་འདྲེས་བའི་ཁ་ཏ་སློབ་གསོ་ཞིག་བྱེད་འདོད་དེ། སེམས་ཁོང་གི་བརྩེ་བ་དང་བརྗོད་འདོད་ཀྱི་སྐད་ཆ་ཡོད་ཚད་ཡི་གེ་རུ་བྲིས་ནས་ཁོ་ཚོར་བསྐུར་རྒྱུའི་སེམས་ཐག་བཅད། དགོང་མོ་དེར་བདག་གི་སེམས་པ་ནི་སྟོན་མཚན་གྱི་ནམ་མཁའི་སྤྲིན་པ་ལྟར་འཁྲིགས་ཤིང་། ཡིད་ཀྱི་འགྱུ་བ་ལ་འགོག་ཐབས་བྲལ་ནས་སེམས་གཏིང་གི་སྙིང་གཏམ་རེ་རེ་སྨྱུག་རྩེ་བརྒྱུད་དེ་ཤོག་བུའི་སྟེང་དུ་ཕབ། ཡི་གེ་བྲིས་ཚར་མ་ཐག་སྐབས་དེའི་ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲང་ཧྥིན་ལ་སྤྲད་ནས་ཁུལ་དཔོན་ཀྲང་ཝུན་ཁུའེ་ཡི་སར་ཞུ་ཀློག་གནང་བར་སྐྱེལ་དུ་བཅུག ཕྱི་ཉིན། བཀོད་སྒྲིག་བརྒྱབ་སྟེ་སྐབས་དེའི་ཁུལ་ལས་རིགས་སློབ་གྲྭའི་སློབ་གཙོ་པདྨ་རིན་ཆེན་གྱིས་ཁུལ་དཔོན་ཀྲང་ཝུན་ཁུའེ་ལགས་ཀྱི་མངག་བཅོལ་གལ་ཆེན་དང་ངས་བྲིས་པའི་སློབ་གྲོགས་རྣམས་ལ་སྤྲིངས་པའི་ཡི་གེ་འཁྱེར་ཏེ་ཧྲན་ཏུང་དུ་སོང་། ཐོན་མ་ཐག་དགེ་སློབ་ཡོངས་ཀྱི་ཚོགས་ཆེན་བསྡུས། ངས་སྐབས་དེར་བཏོན་པའི་རེ་བ་ནི། ཐོག་མར་སློབ་གཙོ་ཡིས་འགོ་ཁྲིད་ཀྱི་མངག་བཅོལ་མཛུབ་སྟོན་བརྒྱུད་སྒྲོག་བྱས་རྗེས་ངས་སྤྲིངས་པའི་ཡི་གེ་ཀློག་འདོན་བྱེད་པ་དང་། གལ་ཏེ་དེ་ལྟར་བྱས་ཀྱང་གོ་མ་ཆོད་ཚེ་ཡོངས་རྫོགས་ཕྱིར་ལོག་རྒྱུ་དེ་ཡིན།
     ཕྱིར་ལོག་རྒྱུ་ནི་ལས་མོ་ཞིག་ག་ལ་ཡིན། མི་ལྔ་བརྒྱ་ལ་མེ་འཁོར་གྱི་འཁོར་ཚིགས་ལྔ་དགོས་པ་རེད། ད་དུང་མེ་འཁོར་གྱི་འཛིན་བྱང་དེ་འདྲ་ཉོ་དཀའ་བའི་གནས་ཚུལ་འོག་སྒྲུབ་ཐུབ་བམ། ད་ནི་ཐབས་དང་བྲལ་བས་ཅི་བྱུང་ན་བྱུང་དུ་ཆུགས། འོན་ཀྱང་ང་ལ་ཡིད་ཆེས་ཤིག་ཡོད་པ་ནི་ང་ཚོའི་བྱིས་པ་རྣམས་ལ་བརྩེ་སེམས་ཟབ་མོ་ལྡན་ཞིང་། དྲིན་གཟོའི་འདུ་ཤེས་ཁོ་ཚོ་རེ་རེའི་སྙིང་ཁོང་དུ་ཡོད་པ་དེ་ཡིན།
     དེ་ལྟར་བརྗོད་པ་ཡིན་མོད། ངའི་སེམས་པ་ནི་ད་དུང་གནམ་ལ་བཏེགས་ཏེ་ཕར་ཕྱོགས་གྱི་གནས་ཚུལ་ལ་བསྒུགས་ནས་བསྡད་ཡོད།
     གཤམ་དུ་བཀོད་པ་ནི་སྐབས་དེར་ངས་བྱིས་པ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག་དེ་ཡིན་ཞིང་། བྱིས་པ་རྣམས་ཀྱི་མདུན་དུ་བཞག་པའི་སྙིང་དམར་བོ་ཞིག་ཀྱང་ཡིན་ལ། ད་ལྟའི་བར་དུ་ཡིག་འབྲུ་གཅིག་ཀྱང་བཅོས་མེད། དེ་རིང་ང་ཚོས་ཡང་བསྐྱར་ཀློག་འདོན་ཞིག་བྱ།
སློབ་གྲོགས་རྣམས་ལ་སྤྲིངས་པའི་འཕྲིན་ཡིག
སྙིང་ཉེ་བའི་སློབ་གྲོགས་རྣམ་པ།
     ཟླ8པའི་ཚེས28ཉིན་གྱི་སྔ་མོ། ཞིང་ཆེན་དང་ཁུལ། རྫོང་། ཞང་བཅས་རིམ་པ་སོ་སོའི་འགོ་ཁྲིད་ཀྱི་མངག་བཅོལ་དང་ཁྱིམ་མི་ཡི་རེ་བ་འཁྱེར་ནས། ང་ཚོ་མི530ལྷག་མེ་འཁོར་དུ་བསྡད་ནས་ཤར་དུ་བསྐྱོད་པའི་ལམ་ལ་ཆས་ཤིང་། དུས་ཚོད30ལྷག་གི་ལམ་ཐག་རིང་བོ་བརྒྱུད་ནས་མཐར་སྐྱེས་མཆོག་ཁུང་ཙི་ཡི་ཕ་ཡུལ་ཏེ་ཧྲན་ཏུང་ཆུའུ་ཧྥུའུ་རུ་བསླེབས། ང་ཚོས་མེ་འཁོར་ནང་དུ་ཕན་ཚུན་ངོ་ཤེས་པའི་རྣམ་པ་ལ་ཕྱིར་དྲན་བྱས་ཚེ། དེ་ནི་ཁ་སང་བྱུང་བའི་གནས་ཚུལ་ཞིག་ཡིན་པ་དང་འདྲ། ང་ཚོ་ཚང་མས་མེ་འཁོར་ནང་དུ་མཚོ་ལྷོ་ཁུལ་གྱི་ཁུལ་གླུ་སྟེ། ཨེ་མ། མཚོ་སྔོན་པོ་ཞེས་བླངས་པ་དེ་ཚང་མས་ཨེ་དྲན་ནམ། མི་རིགས་ཀྱི་ལ་རྒྱ་དང་། མེས་རྒྱལ་གྱི་གཟི་བརྗིད།......  ཇི་འདྲའི་མི་ལ་བློ་སྤོབས་བསྐྱེད་པའི་ཚིག་དང་དབྱངས་ཤིག་ཨང་། རེད་དེ། ཁྱོད་ཚོ་ནི་མཚོ་སྔོན་གྱི་ལོ་རྒྱུས་སྟེང་དུ་ཐོག་དང་པོར་རྣམ་པ་རྒྱ་ཆེན་པོས་རྩ་འཛུགས་བྱས་ནས། མེས་རྒྱལ་ནང་ལོགས་སུ་སློབ་སྦྱོང་ལ་ཕྱིན་པའི་སློབ་མ་ཡིན་ཞིང་། ད་དུང་ནུབ་བྱང་ཆེན་པོའི་ཡུལ་ནས་ཤར་ཕྱོགས་རྒྱ་མཚོའི་འགྲམ་དུ་ཕྱིན་པ་རེད། ད་ལྟ་ཁྱོད་ཚོ་ཡོད་སའི་ལྷོ་ཕྱོགས་སུ་མིང་དུ་གྲགས་པའི་ནང་བསྟན་གནས་མཆོག་ལྷོ་མཚོའི་པོ་ཏ་ལ་སྟེ་རི་བོ་གྲུ་འཛིན་ཡོད་ཅིང་། ཁ་གཏད་ནི་འཇར་པན་རྒྱལ་ཁབ་ཡིན་ལ། ད་དུང་གནས་རི་ཆེན་པོ་ལྔ་ཡི་ཐོག་མ་རི་བོ་ཐའེ་ཧྲན་ཡང་ཁྱོད་ཚོའི་མིག་མདུན་དུ་ཡོད་པ་དང་། བོད་མིའི་སྙིང་ཁོང་གི་གནས་མཆོག་རི་བོ་རྩེ་ལྔ་ཡང་ཁྱོད་ཚོ་དང་ཐག་ཤིན་ཏུ་ཉེ། ཁྱོད་ཚོས་ཤོད་དང་། འདིར་ཡོང་བ་ལ་སྙིང་བོ་ཡོད་དམ་མེད། དྲང་མོར་བཤད་ན། བོད་མི་ཁྲི་ཚོ་ལྔ་བརྒྱའི་ཁྲོད་དུ་འདི་ལྟ་བུའི་ས་ཆ་བཟང་བོ་ཞིག་ཏུ་ཡོང་ནས་སློབ་སྦྱོང་དང་ཡར་ཐོན་ལ་བརྩོན་ཐུབ་པའི་མི་དུ་ཡོད་སྲིད། ད་དུང་ཁྱོད་ཚོས་ལོངས་སུ་སྤྱོད་པ་ནི་རིན་མེད་ཀྱི་ལྗོངས་རྒྱུ་དང་རིན་མེད་ཀྱི་སློབ་གསོ་རེད། མེས་རྒྱལ་གྱི་ས་ཁུལ་གཞན་དུ་བྱིས་པ་ཤིན་ཏུ་མང་པོ་ཞིག་ལ་གོ་སྐབས་བཟང་བོ་འདི་ཐོབ་མ་ཐུབ་པར་ཁྱོད་ཚོ་ལ་ཡིད་སྨོན་འཆའ་བཞིན་མཆིས།
     སློབ་གྲོགས་ཚོ། ཚང་མས་གསལ་བོར་རྟོགས་དགོས་པ་ནི་ད་ཐེངས་ཀྱི་སློབ་སྦྱོང་འདི་ཐོག་དང་པོ་ཡིན་ལ་དུས་ཚོད་ཀྱང་ཐུང་། དགེ་རྒན་དང་སློབ་གྲོགས་ཀྱི་བར་དང་། སློབ་གྲོགས་དང་སློབ་གྲོགས་བར། ང་དང་འུ་ཅག་ཚང་མ་མེ་འཁོར་སྟེང་དུ་ཐོག་མར་འཕྲད་པ་ཡིན་ལ། ཚང་མ་ཆ་མེད་ཀྱི་ཡུལ་མི་ཡིན་ཞིང་། སློབ་གླིང་ཕྱོགས་ཀྱིས་ཀྱང་ང་ཚོའི་མི་གྲངས་དང་ཤེས་བྱའི་ཆུ་ཚད། སེམས་ཁམས་སོགས་གསལ་བོ་མིན་པས་བཀོད་སྒྲིག་བྱས་པ་ཡང་ཅུང་ཟད་མི་འདང་། ཚང་མ་སློབ་གླིང་དུ་འབྱོར་རྗེས་ཆ་རྐྱེན་ནི་ང་ཚོས་བསམ་པ་དེ་བཞིན་ཡིད་དུ་འོངས་པ་ཞིག་མིན་སྟབས། ང་ཡང་ཁྱོད་ཚོ་དང་མཚུངས་པར་སེམས་པ་ཤིན་ཏུ་སྐྱོ་བ་བྱུང་སོང་། སེམས་གཏམ་བཤད་ན། ཁྱོད་ཚོ་ནི་སྐབས་དེར་ཉིན་རེའི་ཚ་མ་གསུམ་པོར་ལྟོ་བ་འགྲང་བཞིན་ཡོད། ང་ནི་སྔ་མོ་ནམ་ལངས་མ་ཐག་སྒོ་རུ་ཕྱིན་ཏེ་མཚན་མོ་ནམ་གུང་ཕྱིར་ལོག་ན། སྐབས་རེར་གོ་རེ་ཁམ་གང་ཡང་ཟ་ཐུབ་ཀྱིན་མེད། ཐང་ཆད་པའི་ལུས་ཕུང་དེ་མལ་ཁྲིའི་སྟེང་འགྱེལ་མ་ཐག་གཉིད་དུ་ཡུར་འགྲོ་ཞིང་། རྨི་ལམ་དུ་ད་དུང་ཁྱོད་ཚོས་རེ་བཞིན་པའི་མཛེས་སྡུག་གི་སློབ་ར་དེ་འཚོལ་བཞིན་འདུག གཉིད་ལས་སད་རྗེས། ཡང་དོན་དག་འདིའི་ཆེད་དུ་ཡར་རྒྱུགས་མར་རྒྱུགས་བྱེད་དགོས......  འདི་དག་ཡོད་ཚད་ལ་ད་ལྟ་ཕྱིར་འདང་ཞིག་བརྒྱབ་ཚེ་དངོས་གནས་ཡིད་སྐྱོ་བ་ཞིག་ཡིན་མོད། འོན་ཀྱང་ང་རང་ལ་མཚོན་ན་དེ་ནི་སེམས་བསམ་པའི་གཏིང་གི་ལོངས་སྤྱོད་ཅིག་རེད།
     གཞི་ནས་ལས་གཞི་འདི་ངས་རྨ་ལྷོ་ཁུལ་དུ་ལག་བསྟར་བྱེད་རྩིས་ཡོད། རྩ་འཛུགས་ཀྱིས་ང་རང་མཚོ་ལྷོ་རུ་ལས་སྤོར་བྱས་པས་ངས་ལས་གཞི་ཡང་འཁྱེར་ནས་ཡོང་བ་ཡིན། དེ་བས། འུ་ཅག་གི་བར་ལས་ཀྱི་འབྲེལ་བ་བྱུང་བ་རེད། དེ་ལྟར་མིན་པས་ན། ཁྱོད་ཚོས་ཀྱང་ཁུལ་དཔོན་ང་རང་ལ་འབྲེལ་འདྲིས་བྱེད་པའི་བསྐལ་བ་མེད་ལ། ངས་ཀྱང་གཅེས་ཕྲུག་ཁྱོད་ཚོ་ངོ་ཤེས་པའི་བསྐལ་བ་ག་ལ་ཡོད། ད་ནས་བཟུང་། ང་ཚོ་ཚང་མ་གྲོགས་པོ་བཟང་བོར་གྱུར་སོང་བ་ཡིན་ཞིང་། འདི་དག་ཡོད་ཚད་ནི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་འོད་མདངས་ཚོགས་ཁག ཧྲན་ཏུང་མི་དམངས་བཅས་ཀྱི་བཀའ་དྲིན་ལ་བརྟེན་པ་ཡིན།
     སློབ་གྲོགས་ཚོ། ཁྱོད་ཚོས་ཞག་མ་གཅིག་གི་རིང་ལ་སློབ་གྲྭའི་སྒོ་རྩིས་ཚོང་ཁང་ཡོད་ཚད་སྟོང་བར་ཕུད་པ་དེ་མཐོང་བས། བདག་གི་སེམས་པ་ནི་ངོ་མས་བདེ་ལ་འབབ་མ་ཐུབ། བདག་ཀྱང་རྩྭ་ཐང་དུ་སྐྱེས་ཤིང་ནར་སོན་པའི་འབྲོག་ཕྲུག་ཅིག་ཡིན། ཆུང་དུས་ནས་བཟུང་ནོར་ལུག་དང་མཉམ་དུ་འཚོ་ཞིང་ཅང་ཤེས་རྟ་ཕོའི་གོང་དེ་ང་ཡི་ཆུང་དུས་ཀྱི་ལྷ་ཡུལ་ཡིན། ང་རང་རྟ་རྒྱབ་སློབ་ཆུང་དང་སྦྲ་ཁྱིམ་སློབ་ཆུང་དུ་སོང་མྱོང་ཞིང་། སློབ་ཆུང་ལོ་རིམ་གསུམ་པ་ནས་བཟུང་རྒྱ་རིགས་འདུས་སྡོད་ཀྱི་ཞིང་སྡེ་རུ་སོང་ནས་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཞུགས་པའི་བར་དེ་གར་སློབ་གྲྭ་འགྲིམས། དམའ་འབྲིང་གི་ལོ་གསུམ་ནི་ང་རང་ས་སྟེང་དུ་ཉལ་ནས་འོངས་པ་ཡིན་ཞིང་། མཐོ་འབྲིང་གི་ལོ་གསུམ་པོར་ངའི་འཚོ་བའི་མ་དངུལ་སྒོར་ལྔ་ཙམ་ཡིན། གསལ་བོར་དྲན་པ་ནི་སྐབས་དེར་སྔ་མོ་འབྲས་དྭངས་ཀྱང་འཐུང་དཀའ་བས། དགོང་མོ་གློག་རྫ་ནང་དུ་འབྲས་ཅུང་ཟད་བླུགས་ནས་སྦངས་རྗེས། ཞོགས་རྩལ་གྱི་རྗེས་སུ་ངེད་སློབ་གྲོགས་ལྔ་ཡིས་བགོས་ནས་ནང་དུ་རྩམ་པ་ཉུང་ཙམ་བཏབ་སྟེ་དཀྲུགས་ནས་འཐུང་ཐབས་བྱས། འབྲོག་པའི་ཁྱིམ་དུ་གྲོ་ཕྱེའི་གོ་རེ་མེད་པ་དང་ནས་ཕྱེའི་གོ་རེ་དེ་ནག་ཅིང་སྐྱུར་ཁ་བས། སློབ་གྲྭའི་ནང་དུ་འཁྱེར་ཡོང་རྒྱུར་ངོ་གནོང་སྟེ་འབྲས་དྭངས་དང་རྩམ་པ་ཟོས་པ་མིན་ནམ། སློབ་ཆེན་གྱི་སྐབས་སུ། སློབ་གྲོགས་སྐྱེས་པ་མང་པོར་ཟ་བྱང་གིས་མི་འདང་བས། སློབ་གྲོགས་སྐྱེས་མ་རྣམས་ལ་ངོ་དགའ་བྱས་ཏེ་ཟ་བྱང་སློང་བའི་སྲོལ་ཡོད། ང་རང་གིས་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་རྐྱེན་གྱིས་གྲོན་ཆུང་གིས་ཟོས་ཏེ། སློབ་སྐབས་མཇུག་ཏུ་ཟ་བྱང་ལྷག་མ་ཙམ་བྱུང་ན་ཟ་ཁང་དུ་སོང་ནས་འགེལ་ཐུག་སྒམ་རེ་གཉིས་ལ་བརྗེས་ཏེ་རང་ཡུལ་དུ་འཁྱེར་སོང་བ་ཡིན་ཞིང་། རྫོང་མཁར་ནས་རང་ཡུལ་བར་དུ་དུས་ཚོད་བརྒྱད་ཙམ་ལ་འགྲོ་དགོས། ད་ལྟ་ཕྱིར་འདང་བརྒྱབ་ཚེ་སྤྲོ་དགའ་ཚད་མེད་ཀྱིས་ཁེངས་བར་བྱེད། འབྲོག་པའི་བྱིས་པ་ཞིག་ད་ལྟ་འགོ་ཁྲིད་ལས་བྱེད་པ་ཞིག་ཏུ་འཚར་ལོངས་བྱུང་བ་འདི་ནི་རྩ་འཛུགས་ཀྱི་གསོ་སྐྱོང་དང་། མི་དམངས་ཀྱི་ཡིད་ཆེས་ཡིན་པ་དང་། དེ་ལས་ཀྱང་གལ་ཆེ་བ་ནི་ཆུང་དུས་ཀྱི་འཚོ་བ་ཡིས་ང་ལ་ལྷོད་མེད་ཀྱི་སྒུལ་ཤུགས་དང་འཛད་མེད་ཀྱི་སྟོབས་ཤུགས་བསྩལ་བ་དེ་རེད། དེའི་ཕྱིར། ངས་ཏང་ལ་བཀའ་དྲིན་ཞུ་བ་ཡིན་ཞིང་མི་དམངས་ལ་བཀའ་དྲིན་ཞུ་བ་ཡིན་ལ། ཁྱད་པར་དུ་སྐབས་དེར་དཀའ་སྤྱད་ཀྱི་འཚོ་བས་ང་རང་ལ་སྦྱོང་བརྡར་ཐོབ་ཏུ་བཅུག་པར་བཀའ་དྲིན་ཞུ་བ་ཡིན།
     བོད་ཁུལ་གྱི་བྱིས་པ་རྣམས་མཐོང་ཚེ། རང་གི་ཆུང་དུས་ཀྱི་འཚོ་བ་དང་ལོ་རྒྱུས་དྲན་བྱུང་བས། ངས་ཁོ་ཚོ་ཕྱི་རུ་འཁྲིད་སོང་སྟེ་ཚང་མ་ཁྱིམ་ཚང་གི་ཀ་བ་དང་མེས་རྒྱལ་གྱི་འཛུགས་སྐྲུན་མཁན་དུ་འགྱུར་བར་འཇུག་རྒྱུའི་སེམས་ཐག་བཅད། དེའི་རྐྱེན་གྱིས་ཁྱོད་ཚོ་ནི་བདག་གི་ཐོག་མའི་གདམ་ག་རུ་གྱུར་བ་ཡིན། དེ་རིང་གི་བར་དུ་ཁྱོད་ཚོ་ཕ་ཡུལ་དང་བྲལ་ནས་ཟླ་གཅིག་འགོར་སོང་། ངའི་བསམ་པར་ཁྱོད་ཚོ་མི་རེ་རེ་ལ་ཐོབ་འབྲས་ཡོད་ངེས་ཡིན། མེས་རྒྱལ་ནི་འདི་འདྲའི་འབྱོར་ཕྱུག་ལྡན་ཞིང་རི་ཆུ་ནི་འདི་འདྲའི་མཛེས་སྡུག་ལྡན་པ། དཔལ་འབྱོར་འཛུགས་སྐྲུན་ལ་འདི་འདྲའི་མགྱོགས་མྱུར་ཆེ་ཞིང་སྤྱི་ཚོགས་འཕེལ་རྒྱས་ལ་འདི་འདྲའི་དར་རྒྱས་ཆེ་བ་དེ། ཁྱོད་རང་མཐའ་ཡས་པའི་རྩྭ་ཐང་དུ་འགྱེལ་བའམ་ཡང་ན་གངས་དཀར་གྱི་རྩེ་མོར་འགྲེངས་ནས་ཚོད་དཔག་བྱེད་ཐུབ་བམ། མིག་གི་ལྟད་མོར་སྣང་སྲིད་དམ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཧྲན་ཏུང་གི་རིམ་པ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་པུའུ། འོད་མདངས་ཚོགས་པ་དང་ཆུའུ་ཧྥུའུ། ཉིང་དབྱང་བཅས་ཀྱི་དགེ་རྒན་རྣམ་པ་དང་། ད་དུང་མཚོ་ལྷོ་ཁུལ་གྱི་རིམ་པ་སོ་སོའི་འགོ་ཁྲིད་དང་ལས་བྱེད་རྣམས་ཀྱིས་ཁྱོད་ཚོ་ལ་ཇི་འདྲའི་ཐུགས་ཁུར་བྱེད་བཞིན་ཡོད་པ་ཨེ་ཤེས། ཁྱོད་ཚོ་ནི་དུས་སྐབས་བཟང་བོ་དང་སྲིད་ཇུས་བཟང་བོར་འཕྲད་པ་ཡིན་པས། ངེས་པར་དུ་ལྡབ་འགྱུར་གྱིས་གཅེས་འཛིན་བྱས་ཏེ་བཀའ་དྲིན་དྲན་ན་མི་འགྲིག་གམ།
     རྒྱུ་མཚན་སྣ་ཚོགས་ཀྱི་དབང་གིས་ཁྱོད་ཚོ་སླར་ཡང་སྔར་གྱི་ས་དེ་རུ་སྤོར་དགོས། ངས་བལྟས་ན་སྔར་གྱི་ས་དེ་ལེགས་པོ་འདུག ས་དེ་རུ་སྒོར་བྲོ་འཁྲབ་ཆོག་ཅིང་མཚོ་སྔོན་གྱི་རྒྱ་སྐད་བཤད་ཆོག་ལ་སྔར་ལས་ལྷག་པའི་རང་དབང་གི་གནས་སྐབས་ཡོད། ཡིན་ན་ཡང་། ད་ནི་ཁྱོད་ཚོས་དུ་ཆང་སྤྱོད་མི་ཆོག་ཅིང་གྱང་ཁ་བརྒལ་མི་རུང་། ཆ་རྐྱེན་ཅུང་ཟད་ཞན་པ་བདེན་ན་ཡང་ཡོད་ཚད་ལ་འགྱུར་ལྡོག་འབྱུང་ངེས་ཡིན། ཁྱོད་ཚོས་དེ་གའི་གཡུལ་ས་བརྟན་འཛིན་བྱེད་དགོས་ཤིང་ང་ཚོའི་རེ་སྨོན་འགྲུབ་སའི་གཤིན་ས་དེ་བརྟན་བསྲུང་བྱེད་དགོས་ཏེ། མཚོ་ལྷོ་ཁུལ་གྱིས་དེ་གར་ཡུན་རིང་གི་འབྲིང་རིམ་ལས་རིགས་སློབ་གསོ་བསྒྲུབ་རྒྱུ་རེད། ཕ་ཡུལ་གྱི་མིང་སྲིང་རྣམས་ཀྱིས་ཀྱང་ཁྱོད་ཚོ་དང་འདྲ་བར་རྗེས་ཕྱོགས་ཀྱི་ལོ་ཟླའི་ནང་དུ། རིན་མེད་ཀྱི་ལྗོངས་རྒྱུ་དང་སློབ་གསོ་ལོངས་སུ་སྤྱོད་པའི་ཆེད་དུ། ཁྱོད་ཚོས་ངེས་པར་དུ་རྒྱུན་སྐྱོང་ཐུབ་དགོས་ཏེ། ཁྱོད་ཚོས་ང་ལ་འགན་ཁུར་འདི་ལེགས་པར་འགྲུབ་ངེས་ཞེས་ཁས་ལེན་རོགས།
     ཧྲན་ཏུང་དུ་སློབ་མགོ་རྩོམ་པའི་མཛད་སྒོ་སྟེང་ངས་ཁྱོད་ཚོ་ལ་བཏོན་པའི་གནད་དོན་དེ་གཉིས་ད་ལྟ་ཁྱོད་ཚོས་ཨེ་དྲན་ནམ། གཅིག་ནི་ང་ཚོ་ཅིའི་ཕྱིར་འདི་གར་ཡོང་བ་དེ་ཡིན། མཚོ་ལྷོ་ལ་འཕེལ་རྒྱས་དགོས་ཤིང་འཇོན་མི་མཁོ་བས། མཚོ་ལྷོ་བ་རྣམས་སྒོ་ཕྱིར་བུད་ནས་ཁ་དོག་སྣ་ལྔ་བཀྲ་བའི་ཕྱི་རོལ་གྱི་འཇིག་རྟེན་ལ་བལྟ་གཡེང་ཞིག་བྱེད་དགོས། གཉིས་ནི་འདི་གར་ཅི་བྱེད་དུ་ཡོང་བ་དེ་ཡིན། ཤེས་བྱ་ཅུང་ཟད་སློབ་པ་དང་ལག་རྩལ་ཅུང་ཟད་བསླབས་ནས་མཚོ་ལྷོ་དྲིལ་སྒྲོག་བྱེད་པ་དང་། བོད་ཀྱི་རིག་གནས་དྲིལ་སྒྲོག་བྱས་ཏེ། ནང་ལོགས་ཀྱི་མི་ལ་ཐད་ཀར་དུ་རབ་མཛེས་མཚོ་སྔོན་དང་དྭངས་གཙང་མཚོ་ལྷོ་རྒྱུས་ལོན་བྱེད་དུ་འཇུག་པ་དང་། ནང་ལོགས་ཀྱི་རིན་ཆེན་རྒྱུ་ནོར་འཁྱེར་ཡོང་སྟེ་མཚོ་ལྷོ་འཕེལ་རྒྱས་སུ་གཏོང་དགོས། དེའི་ཕྱིར། ཁྱོད་ཚོའི་ཕྲག་ཏུ་བབས་པའི་འགན་ཁུར་ནི་ཧ་ཅང་ལྕི་བས་ལས་དོན་འདི་ལ་ངེས་པར་དུ་གཟབ་ནན་གྱི་ལྟ་བ་འཛིན་དགོས།
     ཁྱོད་ཚོའི་ཁྲོད་ཀྱི་སློབ་གྲོགས་ཁ་ཤས་རིག་གནས་ཆུ་ཚད་ཅུང་མཐོ་ཞིང་ལ་ལ་ཅུང་ཟད་དམའ། འགའ་ཤས་ཀྱིས་རྒྱ་སྐད་ཀྱང་བཤད་མི་ཤེས་མོད། དེ་ལ་སྐྱོན་མེད་དེ། ཕན་ཚུན་ལ་རོགས་རམ་དང་སློབ་སྦྱོང་བྱས་ན་ཚང་མ་ཡར་ཐོན་ཡོང་ངེས་ཡིན། ཡང་གཅིག་བཤད་ན་ལག་རྩལ་བཟང་བོ་ཞིག་སློབ་མ་ཐུབ་རུང་། རྒྱ་སྐད་ལེགས་པོ་ཞིག་བསླབས་ནས་ཡོང་ན་ཡང་གྲུབ་འབྲས་ཆེན་པོ་བླངས་པ་རེད། ཁྱོད་ཚོའི་ཁྲོད་དུ་མི་ཁ་ཤས་ཤིག་མ་རབས་ཡིན་ཞིང་སྒྲིག་ལམ་མི་བརྩི། འདི་ནི་ལེགས་པོ་ཞིག་ག་ལ་ཡིན། རྒྱལ་ཁབ་ལ་བཅའ་ཁྲིམས་དང་ཁྱིམ་ཚང་ལ་ཁྱིམ་སྲོལ་ཡོད་པ་རེད། ཁྱད་པར་དུ་ཧྲན་ཏུང་གི་ཡུལ་མི་རྒན་གཞོན་རྣམས་ལ་བརྩི་བཀུར་བྱེད་དགོས། ཧྲན་ཏུང་གི་མི་ནི་གཞུང་དྲང་དང་བློ་དཀར་ཡིན་པའི་ཆ་ནས་སྐད་གྲགས་ཆོད་ཡོད་པ་རེད། ཁྱོད་ཚོས་ངེས་པར་དུ་ཁོ་ཚོར་སློབ་སྦྱོང་ལེགས་པོ་བྱེད་དགོས། ཁྱོད་ཚོ་ཕ་ཡུལ་ན་ཡོད་དུས་བྱིས་པ་ཡིན་ཡང་ཧྲན་ཏུང་དུ་བོད་ཁུལ་མི་དམངས་ཀྱི་འཐུས་ཚབ་ཡིན་པས། ཁྱོད་ཚོས་ཕ་ཡུལ་མི་དམངས་ཀྱི་ཆེད་དུ་ལ་རྒྱ་བརྩོན་དགོས་ཤིང་སྣང་བརྙན་ལེགས་པོ་ཞིག་བསྐྲུན་དགོས། ངའི་བསམ་པར། མཚོ་ལྷོ་མི་དམངས་རྣམས་ཀྱིས་ཁྱོད་ཚོ་ལྟ་བུའི་བློ་དཀར་གཞུང་དྲང་དང་། སློབ་བརྩོན་ཡར་ཐོན་གྱི་གཅེས་སུ་འོས་པའི་བྱིས་པ་འདི་དག་ཡོད་པར་རེ་བའི་མིག་གིས་བལྟས་ཡོད་ངེས་ཡིན།
     ཁྱོད་ཚོས་སྣེ་ཁྲིད་དགེ་རྒན་གྱི་ཚིག་ལ་ཉན་དགོས། ཁོ་ཚོ་ལོ་ན་ལྔ་བཅུ་ཡས་མས་སུ་བསླེབས་ཡོད་ཅིང་ལུས་ཕུང་མི་བཟང་ལ། ཁོ་ཚོ་ཚང་མ་གོང་ན་ལོ་ལོན་དང་འོག་ན་བྱིས་པ་ཡོད་པའི་མི་རེད། ཁྱོད་ཚོའི་ཕྱིར་དུ་ཁོ་ཚོས་རང་གི་ཡུལ་མི་ལའང་གཉོར་སྐྱོང་བྱེད་མ་ཐུབ་པར། ཁྱོད་ཚོ་དང་མཉམ་བཟའ་མཉམ་སྡོད་བྱས་ནས། ད་དུང་ཁྱོད་ཚོ་ལ་སེམས་ཁུར་བྱེད་དགོས། དེ་བས། ཁྱོད་ཚོས་ཁོང་ཚོར་ཤ་ཚ་བོ་དང་སྙིང་ཉེ་བོ་བྱེད་དགོས་པར་མ་ཟད། བརྩི་ཞིང་གུས་པའི་སྒོ་ནས་བསྟེན་དགོས། ཁོང་ཚོ་ནི་ཁྱོད་ཚོའི་ཕ་མ་ལྟ་བུ་དང་མེས་པོ་ལྟ་བུ་ཡིན་པས། གུས་པ་མེད་པའི་བྱ་སྤྱོད་དང་སྐད་ཆ་གཏན་ནས་ཡོད་མི་རུང་།
     ཉེ་ཆར་ང་རང་ཧ་ཅང་བྲེལ་འཚུབ་ཆེ། ཁྱོད་ཚོའི་དོན་དག་ལས་གཞན་ད་དུང་དོན་དག་གལ་ཆེན་ཤིན་ཏུ་མང་། དོན་དག་སྒྲུབ་ཚར་རྗེས་ང་རང་ངེས་པར་དུ་ཁྱོད་ཚོར་བལྟ་རུ་ཡོང་ངེས་ཡིན། འོན་ཀྱང་། སྔོན་འགྲོ་ཞིག་ཡོད་པ་ནི་ཁྱོད་ཚོས་ངེས་པར་དུ་ངའི་བཤད་པ་ལྟར་སྒྲུབ་སྟེ། ང་རང་ཡིད་ཚིམས་ཤིང་བློ་བདེ་བག་ཕེབས་ཀྱི་ངང་ནས་ཧྲན་ཏུང་དུ་འབྱོར་བར་བྱེད་དགོས་ཤིང་། དོན་དག་འདི་ཙམ་སྒྲུབ་ཐུབ་པར་ང་རང་ཡང་ཁྱོད་ཚོར་ཡིད་ཆེས་བརྟན་པོ་ཡོད།
     མཐར། ཁྱོད་ཚོས་ངའི་ཚབ་བྱས་ནས་སྣེ་ཁྲིད་དགེ་རྒན་རྣམས་ལ་འཚམས་འདྲི་ཞུ་རོགས། ཁོང་ཚོས་དཀའ་ལས་མྱངས་སོང་། ད་དུང་ཧྲན་ཏུང་གི་དགེ་རྒན་རྣམས་ལ་འཚམས་འདྲི་ཞུ་རོགས། ཁོང་ཚོས་ཐུགས་ཁུར་གནངས་པར་བཀའ་དྲིན་ཆེ་ཞུ།
     སློབ་གྲོགས་རྣམས་སློབ་སྦྱོང་ཡར་ཐོན་དང་འཚོ་བ་བདེ་སྐྱིད་ཡོང་ཞིང་། ལུས་ཕུང་བདེ་ཐང་ངང་འཚར་ལོངས་འབྱུང་བའི་བཀྲ་ཤིས་བདེ་ལེགས་ཞུ།
ཁྱོད་ཅག་གི་གྲོགས་པོ་སྟེ། མཚོ་ལྷོ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཨ་དགེ་འདུན་ནས།
2011ལོའི་ཟླ9བའི་ཚེས23ཉིན།
     དེ་ནི2011ལོའི་ཟླ9བའི་ཚེས23ཉིན་གྱི་ཕྱི་དྲོའི་དུས་ཚོད3དང་སྐར་མ15སྟེང་ཡིན་པ་ངའི་སེམས་ན་གསལ་བོར་ཡོད། ཅུ་ཀྲང་གཞོན་པ་ལིང་ཞི་ཅུན་དང་སློབ་གཙོ་པདྨ་རིན་ཆེན་གཉིས་ཀྱིས་ཁ་པར་ཡོང་སྟེ། ཁུལ་གཙོ་ལགས། གནས་ཚུལ་ལ་འགྱུར་ལྡོག་བྱུང་ཐལ། སློབ་གྲོགས་མང་ཆེ་བ་ངུས་བྱུང་ཞེས་བཤད། དེ་བས། ང་རང་ཅུང་ཟད་ལྷོད་ལ་བབས་བྱུང་། ཕྱི་ཉིན། ཧྲན་ཏུང་ཕྱོགས་ཀྱི་སློབ་གཙོས་ང་ལ་ཁ་པར་ཡོང་སྟེ། ཁྱོད་ཚོ་བོད་པའི་བྱིས་པ་འདི་དག་ངོ་མས་སྙིང་རྗེ་བོ་འདུག ཁ་སང་དང་དེ་རིང་གི་བར་དུ་ཁོ་ཚོ་ནི་མི་གཉིས་དང་མཚུངས། སྐད་ཅིག་ཏུ་བསམ་ཤེས་སོང་བ་འདྲ། ད་ལྟ་ང་ཚོ་ལ་ཁོ་ཚོར་སློབ་ཁྲིད་བྱེད་རྒྱུའི་ཡིད་ཆེས་ཡོད་ཅེས་ཟེར།
     འདི་ལྟར་སློབ་སྐབས་དང་པོ་ཧྲན་ཏུང་ཆུའུ་ཧྥུའུ་རུ་རྒྱུན་འཁྱོངས་བྱས་ནས་ཡོང་། རྗེས་སུ་ངའི་བྱ་བའི་ལས་གནས་ལ་ཡང་འགྱུར་ལྡོག་བྱུང་སོང་། སློབ་གསོའི་ལས་གནས་དང་ཁ་བྲལ་ན་ཡང་སློབ་གྲོགས་མང་པོ་ཞིག་གིས་ང་ལ་ཁ་པར་ཡོང་བའམ་འཕྲིན་ཐུང་བསྐུར་ནས། ང་ཚོས་ཁྱེད་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་ཞེས་ཟེར་ཞིང་། སློབ་གྲོགས་སྐོར་ཞིག་གཞུང་ལས་ཁང་དུ་ང་ལ་བལྟ་རུ་ཡོང་ནས་ང་ཚོས་སྤྲོ་དགའི་ངང་ནས་ལབ་གླེང་མང་པོ་བྱས།
     སློབ་སྐབས་གཉིས་པ་ནས་བཟུང་། ཁུལ་ཐོག་ནས་གཏན་འབེབས་བྱས་ཏེ་སློབ་གྲོགས་ཡོད་ཚད་ཁ་གཏད་དབུལ་སྐྱོར་གྱི་ཅང་སུའུ་ཞིང་ཆེན་དུ་གནས་སྤོར་བྱས། འགྲོ་ཁར། ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་ཚོགས་ཆེན་བསྡུས་ཤིང་། བྱིས་པ་ཚོས་མགྲིན་གཅིག་ཏུ་ང་ལ་ཐུག་དགོས་པའི་རེ་བ་ཞུས་པས། ང་སོང་སྟེ་སྟེགས་བུའི་སྟེང་དྲིས་པའི་སྐད་ཆ་དང་པོ་ནི། སློབ་གྲོགས་ཚོ། ཁྱོད་ཚོས་ང་རང་ཨེ་དྲན་ཐལ་ཞེས་པ་དེ་ཡིན་ཞིང་། སློབ་གྲོགས་ཚོས་མགྲིན་གཅིག་ཏུ། དྲན་ཐལ། དྲན་ཐལ། དྲན་ཐལ་ཞེས་བརྗོད་བྱུང་། ཇི་འདྲའི་སེམས་འགུལ་ཐེབས་པ་ཞིག་ཨང་། བྱིས་པ་རྣམས་ཀྱི་སྐྲ་ཐུང་བར་གྱུར་བ་དང་། གྱོན་པ་དང་རྒྱན་སྤྲས་མིག་ལ་འགྲོ་བར་གྱུར་བ། ཚང་མ་དཀར་ཞིང་གཙང་བ་ཞིག་ཏུ་གྱུར་འདུག་པའི་རྣམ་པ་མཐོང་བས། ངས་ཁྱོད་ཚོས་ཕན་ཚུན་ལ་ལྟོས་དང་། ཚང་མར་འགྱུར་ལྡོག་བྱུང་ཡོད་དམ་མེད་ཅེས་དྲིས་པ་ན། ཚང་མས་ཡོད་ཅེས་མགྲིན་གཅིག་ཏུ་བརྗོད། འདི་ནི་སློབ་གསོ་རེད། སློབ་གསོས་མི་གཅིག་བསྒྱུར་བཅོས་བྱེད་ཐུབ་པར་མ་ཟད། མི་རིགས་ཤིག་ཀྱང་བསྒྱུར་བཅོས་བྱེད་ཐུབ་བོ།།
     ད་ལྟའི་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་ལ་ཐོ་བཀོད་སློབ་མ4141ཡོད་ཅིང་། 2011ལོའི་ལྡབ2ཡིན། ཅང་སུའུ་དང་ཧུའུ་པེ་སོགས་ས་ཁུལ་དུ་རྒྱལ་ཁབ་རིམ་པའི་དཔེ་སྟོན་ལས་རིགས་སློབ་གླིང་ལྔ་ལ་མཉམ་འབྲེལ་བྱས་ནས། འབྲིང་རིམ་ལས་རིགས་སློབ་མས་ཡུལ་གཞན་དུ་སློབ་གསོ་མྱོང་བའི་འཛིན་གྲྭ་སྒྲུབ་ཡོད། ཉེ་བའི་ལོ་ལྔའི་རིང་། ཡུལ་གཞན་དུ་སྒྲུབ་པའི་འཛིན་གྲྭའི་སློབ་མ1805ལ་བསླེབས་ཤིང་། ད་ལྟ་ཞིང་ཆེན་ཕྱི་རུ་སློབ་གཉེར་བྱེད་བཞིན་པའི་སློབ་མ896ཡོད། མཐར་ཕྱིན་སློབ་མ362ལས་སློབ་མ200ལྷག་ཡུལ་གཞན་དུ་ལས་ཞུགས་བྱས། དེའི་ཁྲོད་དུ་རྡོ་སྣུམ་བཟོ་བཀོད་ཆེད་ལས་ཀྱི་སློབ་མ100ཡོད་པ་དེ་རྣམས་སོ་སོར་ཞིན་ཅང་ཐུའུ་ཧྭ་སྣུམ་ཞིང་དང་། ཏ་ཆིན་སྣུམ་ཞིང་། ཅང་ཧན་སྣུམ་ཞིང་སོགས་སུ་ལས་ཞུགས་བྱས་ཡོད་ཅིང་། ཟླ་རེའི་གླ་ཕོགས་ཆ་སྙོམ་སྒོར4000ཡན་ན་ཡོད། ཧུའུ་པེ་ཅང་ཧན་རྡོ་སྣུམ་སློབ་གྲྭའི2012ལོའི་རྡོ་སྣུམ་བརྐོ་སློག་ཆེད་ལས་ཀྱི་མཐར་ཕྱིན་སློབ་མ་བསོད་ནམས་བཀྲ་ཤིས་ཀྱིས། ད་ལྟ་ཁོ་རང་གིས་ཞིན་ཅང་ཐུའུ་ཧྭ་སྣུམ་ཞིང་དུ་བྱ་བ་སྒྲུབ་བཞིན་ཡོད་ཅིང་། ཟླ་རེའི་གླ་ཕོག་སྒོར6500ཡིན་ཟེར།
     ཇི་འདྲའི་བཟང་བ་ལ་ཨང་། དངོས་གནས་སྒོ་ཕྱིར་ཕྱིན་ཚེ་གནམ་ས་ཡངས་སོ། །
     མཐར་ངས་དམ་པ་འགའི་ལེགས་བཤད་ཚིག་གསུམ་དྲངས་ནས་མཇུག་བསྡུ་བའི་གཏམ་དུ་བྱའོ། །
ཞི་ཅིན་ཕིང་གི་གསུང་།
                                གསར་གཏོད་ཞུ་བ་མི་རིགས་གང་ཞིག་ཉིད། །
                                དར་རྒྱས་འབྱུང་བའི་ལྷོད་མེད་སྒུལ་ཤུགས་ཡིན། །
ལུའུ་ཞུན་གྱི་གསུང་།
                                འཇིག་རྟེན་འདི་ན་སྔོན་ཆད་ལམ་ཡོད་མིན། །
                                མི་རྣམས་སོང་ཞིང་སོང་བས་ལམ་དུ་གྲུབ། །
ཧའེ་ཙི་ཡི་གསུང་།
                                ངོ་གདོང་ཉིད་ནི་ཤར་དུ་ཕྱོགས་པ་ན། །
                                དཔྱིད་ཀྱི་དཔལ་ཡོན་ངང་གིས་འཆར་ནས་ཡོང་། །

མཆན་བཀོད། རྩོམ་ཡིག་འདི་ནི་དཀོན་མཆོག་བསམ་གྲུབ་ཀྱིས2016ལོའི་མཚོ་ལྷོ་ཁུལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ཅེས་པའི་དུས་དེབ3པ་ལས་བདམས་ཏེ་བསྒྱུར།
མ་ཡིག་གི་འབྲེལ་མཐུད།www.amdotibet.com/html/2016-11/17424.html 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...