སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་མུ་འབྲེལ་འཆད་ཁྲིད་ལམ་སྟོན་སྒྲོན་མེ།
རྩོམ་པ་པོ། རྡོ་རྗེ་འཇིགས་བྱེད། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-12-18 10:25:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སློབ་རའི་རིག་གནས་འཛུགས་སྐྲུན་དང་སློབ་གྲྭའི་སློབ་གསོའི་མཁའ་དབུགས་ལེགས་བཅོས་བྱ་རྒྱུ་ནི་སློབ་གྲྭ་ཞིག་འཕེལ་རྒྱས་ཡོང་བའི་རྨང་གཞི་ཡིན་ལ། ས་གནས་ཀྱི་སློབ་གསོའི་ལས་དོན་གོང་འཕེལ་ལ་ཤུགས་རྐྱེན་བཟང་པོ་ཞིག་བསྐྲུན་རྒྱུ་ནི་སློབ་གྲྭ་ཞིག་གི་འོས་འགན་ཡིན། དེ་བས་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་སློབ་གྲྭའི་མ་འོངས་པའི་འཕེལ་རྒྱས་དང་ཁྲི་ཀ་ས་ཁུལ་གྱི་སློབ་གསོའི་བྱ་གཞག་དབྱར་གྱི་མཚོ་བཞིན་རྒྱས་པའི་སླད་དུ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ། བོད་ཀྱི་བརྡ་སྤྲོད་རིག་པ་སྨྲ་བ། བོད་ཀྱི་སློབ་གསོ་བ་ཆེན་མོ། བོད་ཀྱི་དཔེ་ལེགས་ཚུལ་ལྡན་གྱི་དགེ་བའི་བཤེས་གཉེན་ལྕགས་ཐར་རྒྱལ་ལགས་གདན་ཞུ་བྱས་ཏེ་ཚེས16ཉིན་ལ་གསུང་གི་བདུད་རྩིར་རོལ་བའི་རེ་འབྲས་དོན་དུ་སྨིན་པར་བྱས།
     ཐེངས་འདིའི་འཆད་ཁྲིད་ཀྱི་རིམ་པ་དང་པོ་ནི་དགེ་རྒན་ཁོང་གིས་སྔ་དྲོའི་ཆུ་ཚོད་གསུམ་ལྷག་ལ་རང་ཉིད་ཀྱི་མི་ལོ་སོ་དྲུག་རིང་གི་དགེ་རྒན་གྱི་བྱ་བའི་ཉམས་མྱོང་དང་སྦྲགས་ཏེ་ཀུན་སྤྱོད་ལེགས་ན་གཞན་གྱི་མིག་དཔེར་འོས་ཞེས་པ་བརྗོད་གཞིར་བྱས་ནས་རང་རེའི་སློབ་གྲྭ་གཙོ་བྱས་པའི་ཁྲི་ཀ་ས་ཁུལ་གྱི་སྟོང་ཆེ་བོད་ཡིག་འབྲིང་དང་འཕྲང་དམར་བཅད་སྡོད་སློབ་གྲྭ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་སོགས་ཀྱི་དགེ་རྒན་རྣམས་ལ་རང་རེའི་སློབ་གྲྭའི་ཤར་ཕྱོགས་ཀྱི་སྨྱན་མང་ཁང་དུ་དགེ་རྒན་གྱི་ལས་རིགས་དང་ཀུན་སྤྱོད་ཀྱི་ཚད་གཞིའི་ཐད་དུ་མཁས་བླུན་བར་མ་ཐམས་ཅད་ལ་བོགས་ཆེན་པོ་འབྱིན་པའི་བསླབ་བྱ་གལ་ཆེན་འདོད་དོན་བུམ་པའི་བློ་ལ་བསྩལ།

     དགེ་རྒན་ཁོང་གིས་བརྗོད་གཞི་དེ་ཉིད་ཚན་པ་ལྔ་རུ་བཀར་ནས་ཞིབ་ཀྱིས་འཆད་པ་སྟེ།  ཚན་པ་དང་པོར་གཞན་གྱིས་བཀུར་བར་རེ་ན་རང་གིས་རང་ལ་བཀུར་འོས་ཞེས་ང་ཚོ་ནི་སྨྲ་ཤེས་ཤིང་དོན་གོ་བའི་མི་ཡིན་པས་སྲོག་ཆགས་གཞན་ལས་ཁྱད་དུ་འཕགས་ཤིང་། ང་ཚོས་སྤྱི་ཚོགས་ལ་འབྲེལ་འདྲིས་དང་དེ་ལ་ཕན་པ་བསྒྲུབ་ནས་མི་ལུས་བླངས་པའི་དོན་སྙིང་མངོན་འགྱུར་བྱ་དགོས་པར་མ་ཟད། རྣམ་ཀུན་རང་ཉིད་ཀྱི་བྱ་སྤྱོད་ཡོད་ཚད་ལ་བདག་དམ་ལེགས་པོ་དང་རང་ལུས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱས་ནས་ཚུལ་མཐུན་གྱི་ཀུན་སྤྱོད་ཀྱིས་སློབ་མ་ལེགས་པོར་བསྐྱང་དགོས་པ་ནན་ཏུ་གསུངས་པ་དང་། ཚན་པ་གཉིས་པ་ནི་གཞན་གྱིས་བཀུར་བར་རེ་ན་རང་ལ་བཀུར་འོས་པའི་ཡོན་ཏན་ཞིག་དགོས་ཞེས་པ་སྟེ། དགེ་རྒན་ལགས་ཀྱིས་རིག་གནས་ནི་ད་ལྟའི་རིག་ཚན་ཟེར་བ་དེ་ཡིན་པར་ངོས་བཟུང་ཞིང་། རིག་གནས་ཡོད་ན་ཡོན་ཏན་ཡོད་པས་མ་ཁྱབ་པར་གསུངས་ནས་ཡོན་ཏན་ནི་རིག་གནས་སྦྱང་བ་ཁོ་ན་ལ་བརྟེན་ན་མིན་པར་མི་གཞན་དང་སྤྱི་ཚོགས་ཀྱང་ཡོན་ཏན་གྱི་ཞིང་ས་ཆེན་པོ་ཞིག་ཡིན་ལ། རིག་གནས་བ་ཞིག་ཡིན་ན་སྡུག་པ་རུས་ལ་བསྐྱེད་དགོས་པ་ཞིག་ཡིན་དགོས་པར་མ་ཟད། གཞན་རྒྱུད་ཀྱི་ལེགས་ཆ་ལ་བརྟེན་ནས་རང་རྒྱུད་ལ་ལེགས་ཆ་ལེན་པ་དང་གཞན་རྒྱུད་ཀྱི་སྐྱོན་ཆ་ལ་བརྟེན་ནས་རང་རྒྱུད་ཀྱི་སྐྱོན་ཆ་སེལ་བར་བྱ་དགོས། དེ་བཞིན་ཡོན་ཏན་པ་ཞིག་ཡིན་ན་དོན་དག་ཕྲན་ཚེགས་ལ་བརྟེན་ནས་དོན་ཆེན་བསྒྲུབ་དགོས་པ་དང་། མི་རིགས་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ལ་བརྟེན་ནས་རང་རྒྱུད་ལ་ཡོན་ཏན་བསྐྱེད་དགོས་པར་མ་ཟད། ད་དུང་དཔེ་དེབ༼བསྟན་བཅོས༽ལ་བལྟས་ནས་རང་རྒྱུད་ལ་ཡོན་ཏན་བསྒྲུབ་པ་དང་། དཔེ་ཆར་བལྟ་རྒྱུ་ནི་རིག་པའི་གླིང་ལ་བགྲོད་པའི་བགྲོད་ལམ་ཉག་གཅིག་དང་མི་ཚེ་ཡི་གཏན་གྱི་གྲོགས་ཡིན་ཞིང་། དེ་ནི་རང་ཉིད་ཀྱི་གཟུངས་གཞུག་གལ་ཆེན་དེའང་ཡིན་ཞེས་སྤྱིར་མི་ཞིག་དང་ལྷག་པར་དུ་དགེ་རྒན་ཞིག་ལ་མཚོན་ན་ཡོན་ཏན་གཞན་ལས་ལྷག་པ་ཞིག་དགོས་པའི་གནད་དེ་གསུངས།

     ཚན་པ་གསུམ་པར་དགེ་རྒན་ལ་མཚོན་ན་གཞན་གྱིས་བཀུར་བའི་གོ་སྐབས་གཞན་ལས་ལྷག་པ་ཡོད་ཅེས་དགེ་རྒན་གྱི་ལས་རིགས་ནི་ལས་རིགས་གཞན་དང་བསྡུར་ན་གཞན་དང་འབྲེལ་འདྲིས་བྱེད་པའི་གོ་སྐབས་ཤིན་ཏུ་མང་ཞིང་། དགེ་རྒན་ལ་འགྲོགས་པའི་སློབ་མ་དག་ནི་བསམ་བློ་ནར་མ་སོན་པའི་བྱིས་པ་དག་ཡིན་པས་ཁོང་ཚོས་དགེ་རྒན་གྱི་སྐད་ཆ་ནི་བཀུར་འོས་པའི་གསུང་ཉག་གཅིག་ཏུ་བརྩི་བཞིན་ཡོད་པས་ན། དགེ་རྒན་རྣམས་ཀྱིས་རང་ཉིད་ཀྱི་སྐྱོན་སྦེད་ཅིང་དང་ཡོན་ཏན་སྟོན་ཅི་ཐུབ་བྱ་དགོས། དེ་བས་སློབ་མ་ཚོའི་མདུན་དུ་རང་ཉིད་བཀྲག་མདངས་དང་ལྡན་པ་ཞིག་བྱ་དགོས་ཤིང་།  དེ་ལྟར་བྱས་ན་སློབ་མ་ཚོས་ཡོན་ཏན་གྱི་ཕུང་བོ་ཞིག་ཏུ་གྲུབ་པའི་སྣང་བརྙན་གསོན་པོ་ཞིག་ཏུ་མཐོང་བ་དང་། སློབ་མའི་སེམས་ཁ་དགུག་པ་དང་བག་ཆགས་ཡག་པོ་ཞིག་འཇོག་དགོས་ཏེ། སློབ་ཁྲིད་ནི་སློབ་མར་བག་ཆགས་ལེགས་པོ་འཇོག་པའི་གོ་སྐབས་བཟང་པོ་ཞིག་ཡིན་པས་གོ་སྐབས་དམ་འཛིན་སྒོས་སློབ་མ་ཚོས་བློ་ཁ་འགུག་པའི་སྐད་ཆ་བཤད་འོས་པར་མ་ཟད་སློབ་ཁྲིད་གང་དང་གང་ལའང་སྔོན་འགྲོའི་གྲ་སྒྲིག་ཕུན་སུམ་ཚོགས་པ་ཞིག་བྱེད་དགོས།  དེ་བས་ན་རང་ཉིད་ཀྱིས་རང་ཉིད་ལ་བཀུར་ཞིང་སློབ་མ་རྣམས་ཀྱི་དགའ་སའི་མི་ཞིག་བྱས་ནས་ཁོ་ཚོ་བསླབ་ཚན་དེ་ལ་དགའ་བར་བྱ་དགོས། དེའི་ཕྱིར་དགེ་རྒན་ནི་ལས་རིགས་ཀུན་ལས་བཀུར་མཁན་གྱི་ཚོགས་པ་ཆེས་མང་བ་དེ་ཡིན་ལ། དགེ་རྒན་གྱིས་སློབ་མ་སྐྱོང་བ་ཁོ་ན་ལས་ལས་གཞན་མཐའ་དག་ནི་དགེ་བའི་ཕྱོགས་ལ་མི་འགྲོའོ་ཞེས་གདམས། ཚན་པ་བཞི་བར་གཞན་གྱིས་བཀུར་མི་བཀུར་ནི་རང་ཉིད་ལ་གདེང་འཇོག་བྱེད་སྟངས་ཤིག་ཡིན་ཞེས་གཞན་གྱིས་རང་ཉིད་མཐོང་འདོད་པ་དང་ཐོས་འདོད་པ། མཇལ་འདོད་པ་སོགས་ནི་རང་ཉིད་ལ་བཀུར་བའི་རྟགས་མཚན་ཞིག་ཡིན་ཞིང་། ང་ཚོས་གཞན་དོན་ཁོ་ན་བསྒྲུབ་པ་དང་གཞན་དོན་གཙོ་བོར་བསྒྲུབ་དཀའ་ནའང་རང་གཞན་གཉིས་ཀྱི་དོན་གང་ཡང་མི་བསྒྲུབ་པ་ནི་ཤིན་ཏུ་མི་འོས་ལ། རང་དོན་ཁོ་ན་ལས་གཞན་དོན་མི་བསྒྲུབ་པའང་མི་ལེགས་ཤིང་དགེ་རྒན་རྣམས་ལ་ནི་དེ་བས་ཀྱང་ཡོད་མི་རུང་། རྒྱུ་མཚན་དགེ་རྒན་ནི་ལས་རིགས་ཀུན་ལས་མཆོག་ཏུ་གྱུར་ཞིང་རླབས་ཆེ་བ་ཞིན་ཡིན་པ་དང་། དགེ་རྒན་གྱིས་མི་རྣམས་ཀྱི་ཚེ་འདི་ཕྱི་གཉིས་ལ་ཕན་གདག་དགོས་པས། རང་དོན་ཕལ་བ་དང་གཞན་དོན་གཙོ་བོར་བསྒྲུབ་དགོས། དེ་བས་དགེ་རྒན་རྣམས་ལ་གཞན་གྱིས་གདེང་འཇོག་ལེགས་པོ་ཞིག་གིས་བྱ་དགོས་ན་རང་ཉིད་ཀྱི་ཉེ་འཁོར་གྱི་སྤྱི་ཚོགས་དང་སློབ་མ་འགན་ལེགས་པོ་འཁུར་དགོས་ཞེས་དང་། ཚན་པ་ལྔ་བར་གཞན་གྱིས་བཀུར་དགོས་ན་གཞན་ལ་ཕན་པའི་ལས་ཀ་བྱ་དགོས་ཞེས་གཞན་ལ་ཕན་པའི་ལས་ཀ་ནི་རང་ཉིད་བཀུར་བའི་རྒྱུ་ཡིན་པ་དང་། ང་ཚོས་ཅི་ལྟར་གཞན་ལ་ཕན་པ་བསྒྲུབ་དགོས་པའི་ཐབས་བསྟན་པ་སྟེ། ང་ཚོས་སློབ་ཁྲིད་བྱེད་པ་དང་དོ་དམ་བྱེད་པ་སོགས་ལ་བརྟེན་ནས་མི་གཞི་གསོ་ཞིང་གཞན་ལ་ཕན་གདག་དགོས་པར་མ་ཟད།  གནས་གང་དུ་བསྡད་ཀྱང་རང་གི་མི་གཞི་གཙང་མ་ཞིག་གིས་གཞན་རྒྱུད་བཅོས་ཤིང་ཤེས་བྱ་ཆུང་ངུ་ཞིག་ཀྱང་གཞན་དང་མ་ནོར་བར་ཤེས་སུ་བཅུག་པའང་གཞན་ལ་ཕན་བཏགས་པའི་དོན་ཡིན། དེ་བས་རང་ཉིད་ཀྱིས་རང་ཉིད་ལ་རེ་བ་ནན་མོ་བཅངས་ནས་སློབ་ཕྲུག་ཡག་པོ་ཞིག་བསྐྱང་དགོས་ལ། རང་ཉིད་ནི་མི་སྐྱོང་བའི་དགེ་རྒན་ཞིག་ཡིན་ནའང་འགྲོ་ཐབས་འདུག་ཐབས་ཀྱིས་རང་འགན་དང་དུ་མི་ལེན་པ་ནི་ཆེས་ཐ་ཤལ་བ་ཞིག་དང་གཤེད་མ། གཏེ་བོ་ཡིན་པའི་སྤང་བླང་དང་དགེ་སྐྱོན་གྱི་རྣམ་གཞག་གསལ་བོར་བསྟན་པ་དང་། མཐར་ཁྲི་ཀ་ས་ཁུལ་གྱི་སློབ་གསོའི་ལས་དོན་ནི་འདིར་བཞུགས་ཀྱི་དགེ་རྒན་རྣམས་ལ་རག་ལས་པ་ཞིག་ཡིན་པས་རང་ཉིད་ཆུང་ཆུང་ཞིག་ཏུ་མི་བསམ་པར་བག་ཆགས་ཁྱད་པར་བ་ཞིག་དང་ཀུན་སྤྱོད་ལེགས་པོ་ཞིག་ཏུ་བསྒྱུར་དགོས་ཞེས་གསུངས་ནས་རིམ་པ་དང་པོའི་འཆད་ཁྲིད་མཇུག་རྫོགས་པར་བྱས་སོ།།

     འཆད་ཁྲིད་ཀྱི་རིམ་པ་གཉིས་པ་ནི་ཕྱི་དྲོའི་ཆུ་ཚོད་གཉིས་ལྷག་ལ་སློབ་གྲྭའི་སྣ་འཛོམས་ཐོག་ཁང་མདུན་གྱི་ཐང་ཆེན་དུ་དགེ་རྒན་དམ་པ་ཁོང་གིས་རང་རེའི་སློབ་གྲྭའི་སློབ་མ་ཉིས་སྟོང་ལྷག་ལ་དྲིན་ཤེས་ན་རང་གཞན་ཀུན་ལ་ཕན་ཞེས་པ་བརྗོད་གཞིར་བྱས་ཏེ་སློབ་མ་ཞིག་གི་ངོས་ཐད་ནས་ཅི་ལྟར་སུ་དང་གང་གི་དྲིན་དྲན་འོས་པ་དང་དེ་ལ་ཅི་ལྟར་དྲིན་གཟོ་དགོས་པའི་སྐོར་གྱི་ལེགས་པར་བཤད་པའི་མན་ངག་ཡིད་ཀྱི་དང་བ་ཅིག་ཅར་དུ་འདྲེན་པ་ཞིག་གནང་བ་སྟེ། ཐོག་མར་རང་རེའི་མི་རིགས་དང་རྒྱལ་ཁབ། དེ་བཞིན་འཛམ་གླིང་གི་སྔོན་བྱོན་མཁས་དབང་དག་གིས་ང་ཚོར་རིག་གནས་ཤེས་བྱ་སོགས་ཀྱི་ཤུལ་བཞག་གྱ་ནོམ་པ་བསྩལ་བས་ང་ཚོས་མཁས་པའི་བཀའ་དྲིན་དྲན་དགོས་པ་དང་། དེ་བཞིན་ང་ཚོར་མི་ལུས་རིན་ཆེན་གསེར་གྱི་ལས་སྐལ་གནང་ཞིང་མི་ཚེ་ཡི་འདུན་མ་མངོན་འགྱུར་དང་སློབ་སྦྱོང་བྱེད་པ་ལ་མཐུན་རྐྱེན་བླ་མེད་བསྐྲུན་མཁན་གྱི་རང་གི་ཕ་མའི་བཀའ་དྲིན་དྲན་པ་ནི་ཤིན་ཏུ་གལ་ཆེ་ཚུལ། དེ་ནས་རང་མི་རིགས་ལ་གཞན་དང་ཐུན་མོང་མ་ཡིན་པའི་རིག་གནས་ཡོད་པ་དང་། འཚོ་བའི་གོམས་སྲོལ་ལ་སོགས་བོད་ཀྱི་སྔ་རྒྱུ་ཕྱི་འབྲས་ཅན་གྱི་སྐད་ཆ་ལ་བརྟེན་ནས་གནས་ཡོད་པས། རང་རིགས་ཀྱི་རིག་གནས་ཀྱི་གལ་ཆེན་རང་བཞིན་རྟོགས་པར་བྱས་ཏེ་རིག་གནས་ཀྱི་བཀའ་དྲིན་དྲན་དགོས་པ། དེ་མིན་རང་གི་རྒྱུད་ལ་ཡོན་ཏན་སྣ་གཅིག་བསྐྱེད་པའང་དགེ་རྒན་གྱི་དྲིན་ཡིན་ཞིང་། ཉིན་རྒྱུན་དུ་ཁྱོད་ལ་སློབ་ཁྲིད་བྱེད་མཁན་ནི་དགེ་རྒན་ལས་གཞན་མ་ཡིན་པས་དགེ་རྒན་ཚོའི་རྒྱུད་ཀྱི་ཡོན་ཏན་ལེན་དགོས་ཞེས་དགེ་རྒན་གྱི་དྲིན་དྲན་པར་བྱ་དགོས་པའོ།།
     མཐར་དྲིན་དེ་དག་དྲན་པ་ཙམ་གྱིས་མི་ཡོང་བར་སློབ་གྲོགས་ཚོས་ངེས་པར་དངོས་བརྒྱུད་གང་རུང་ནས་རྣམ་པ་ཀུན་ཏུ་དྲིན་གཟོ་དགོས་པའི་ཐབས་ཤེས་གནང་བ་སྟེ། མཁས་པ་རྣམས་ཀྱིས་བརྩམས་པའི་བསྟན་བཅོས་ལ་མཇལ་ནས་ཁོང་ཚོའི་རྒྱུད་ཀྱི་ཡོན་ཏན་ལེན་པ་ནི་མཁས་པ་རྣམས་ལ་དྲིན་གཟོ་བ་དང་། རང་ཉིད་གནས་གང་དུ་བསྡད་ཀྱང་། རང་ཉིད་ཡུལ་གང་དུ་སོང་ཡང་ཕ་མ་སེམས་ཁུར་ལ་མི་གཏོད་པ་ནི་ཕ་མའི་དྲིན་ལན་འཇལ་བའི་ཐབས་དམ་པ་ཡིན་ལ། རིག་གནས་ལ་བརྩི་མཐོང་དང་དེ་ལ་སྦྱང་བ་ལྷོད་མེད་བྱ་རྒྱུ་ནི་རིག་གནས་ཀྱི་དྲིན་གཟོ་བ་དང་། སློབ་གྲྭའི་སྒྲིག་ལམ་ལེགས་པོར་བརྩི་བ་དང་། སྦྱོང་ཚན་སོགས་དུས་ལྟར་བསྒྲུབ་པ་ནི་དགེ་རྒན་གྱི་དྲིན་གཟོ་བའི་ཐབས་འབའ་ཞིག་ཡིན་པར་གསུངས་ཏེ་རིམ་པ་གཉིས་པའི་འཆད་ཁྲིད་ཡོངས་སུ་མཇུག་བསྡུས།
     ཐེངས་འདིའི་དགེ་རྒན་དམ་པ་ཁོང་གི་སྐུ་ཚེགས་ལ་མ་འཛེམ་པར་གནང་བའི་འཆད་ཁྲིད་མཁས་པའི་བློ་མགུ་བ། བླུན་པོའི་ཉམས་དགའ་བ། ཚིག་གི་འགྲོས་སྙོམས་པ། དོན་གྱི་གནད་འབྱིན་པའི་གསུང་གི་ཆུ་རྒྱུན་དལ་འབབ་རིང་མོ་འདིས་རང་རེའི་སློབ་གྲྭ་དང་ཁྲི་ཀ་ས་གནས་ཀྱི་དགེ་རྒན་གསོ་སྦྱོང་གི་ཐད་དུ་རྔོ་ཆེན་པོ་ཐོགས་ཤིང་། དགེ་རྒན་རྣམས་ལ་རང་ཉིད་ཀྱི་ལས་རིགས་ཀུན་སྤྱོད་གཞན་ལས་ལྷག་པ་ཞིག་བསྒྲུབ་པའི་བློ་བསྐྱེད་ཅིང་ལས་རིགས་འདིར་སྔར་མུས་བཞིན་འབད་ལྷུར་ལེན་བྱེད་འདོད་ཀྱི་སྤོབས་པ་ཡ་ཆུང་འགེང་བ་ཞིག་སྦྱིན་ལ། དེ་བཞིན་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་འདུན་པ་སྔར་བས་ཇེ་དྲག་ཏུ་སོང་ཞིང་རང་རྒྱུད་གཙང་མས་ཡོན་ཏན་སྣ་གཅིག་རྒྱུད་ལ་འབྱོར་བར་ཡང་ཤ་ཐང་རུས་ཐང་གིས་འབད་དགོས་སོ་སྙམ་པའི་དམ་བཅའ་སྙིང་རུས་ལ་བརྐོ་བར་བྱས། མཐར་དམ་པ་གང་ཉིད་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་བོད་ཀྱི་སློབ་གསོའི་ལས་དོན་གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་སྨོན་འདུན་ཞུའོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...