སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ལགས་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པར་ཕེབས་ཏེ་འཆད་ཁྲིད་གནང་བ།
རྩོམ་པ་པོ། རྡོ་རྗེ་འཇིགས་བྱེད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-11 9:41:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སྤྱི་ཟླ6པའི་ཚེས8ཉིན། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ། འབུམ་རམས་པའི་མཛུབ་སྟོན་སློབ་དཔོན་ཆེན་མོ་དགེ་རྒན་རྒྱ་ཡེ་བཀྲ་བྷོ་ལགས་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པར་ཕེབས་ཏེ་ཁྲི་ཀ་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྣམས་དང་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སློབ་མ་ཡོངས་ལ་འཆད་ཁྲིད་གནང་།
     སྔ་དྲོར། སློབ་གྲྭའི་ཤར་ཕྱོགས་སྨྱན་མང་ཁང་དུ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སྐད་གཉིས་དགེ་རྒན་ཡོངས་དང་ཁྲི་ཀ་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གཞན་གྱི་དགེ་རྒན་རྣམས་ལ་དགེ་རྒན་ཞེས་པའི་ལས་དོན་གྱི་གལ་ཆེན་རང་བཞིན་དང་ཚད་ལྡན་གྱི་དགེ་རྒན་ཞིག་ཅི་ལྟར་བྱ་དགོས་པའི་སྐོར་གསུངས། དགེ་རྒན་ཁོང་གིས་རང་ཉིད་དགེ་རྒན་བྱས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་གི་ཉམས་མྱོང་དང་སྦྲགས་ནས་སྤྱིར་སྤྱི་ཚོགས་གོང་འཕེལ་ཕྱིན་པ་དང་བསྟུན་བོད་ཁུལ་གྱི་མི་རིགས་སློབ་གསོའི་ལས་དོན་ལའང་ཉམས་དགའ་བའི་འཕེལ་རྒྱས་འབྱུང་བཞིན་འདུག་ལ། ད་ལྟའི་ས་ཁུལ་འདིའི་ཕྱིའི་དངོས་པོའི་དཔལ་ཡོན་ཡང་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་མོད། འོན་ཀྱང་ད་དུང་དགེ་རྒན་དང་དོ་དམ་པའི་དཔུང་སྡེ་སོགས་འཛུགས་སྐྲུན་བྱས་ཏེ། སློབ་གསོའི་ལས་དོན་གོང་འཕེལ་དུ་གཏང་དགོས་ཞེས་འདི་ལྟར་གདམས།

     མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་མི་རིགས་འདིར་ཡིག་ཐོག་གི་སློབ་གསོ་དར་ནས་ཀྱང་དུས་ཡུན་རིང་བོ་འདས་པས།  དེར་དགེ་རྒན་གྱི་མཚན་ཉིད་ཇི་ལྟ་བུ་ཞིག་ཡིན་པ་ཆོས་དང་རིག་གནས་གཉིས་ཀྱི་སྟེང་ན་མང་དུ་མཆིས་ལ་འདིར་གནའ་དེང་ཟུང་འབྲེལ་གྱིས་དགེ་རྒན་ཞིག་ལ་ཚང་འོས་པའི་ཆ་རྐྱེན་གླེང་ན།
     ༡ མར་སྙིང་བརྩེ་བ། ཕ་མ་ཞིག་གི་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟ་བུའི་བུ་ཕྲུག་དག་གི་གཏན་གྱི་འདུན་མ་ནི་དགེ་རྒན་ལ་རག་ལས་ཕྱིར་དེ་དག་ལ་ངེས་པར་སྙིང་བརྩེ་བ་དགོས། ཡུལ་ལུང་གི་བདེ་སྡུག་དང་མི་རིགས་ཤིག་གི་མ་འོངས་པའང་སློབ་མ་འདི་དག་གི་སྟེང་དུ་བབས་ཡོད་པས་ཀྱང་དེ་ལྟར་བྱ་དགོས་ལ། དེའང་རང་གཞན་གཉིས་ཕན་གྱི་ལས་ཤིག་གོ །
     ༢ རང་ཉིད་ལ་ཕན་གདགས་བྱེད་ཀྱི་ཡོན་ཏན་ཞིག་ངེས་པར་དགོས། དེ་ནི་སློབ་གནས་ཀྱི་མཐོ་དམན་ཙམ་ཞིག་མ་ཡིན་པར་བརྩེ་བའི་སྒོ་ནས་མི་ཚེ་གང་བོར་སློབ་སྦྱོང་བྱ་དགོས་ཏེ། དཔེ་ཆ་ལྟ་ཀློག་བྱེད་པ་དང་དྲ་ལམ་ནས་འཆད་ཁྲིད་གྲགས་ཅན་ལ་ཉན་པ། རིག་གནས་ཀྱི་ངོ་བོར་སིམ་པའི་ཤེས་ཡོན་དགོས་སོ།།
     ༣ ཀུན་སྤྱོད་ལེགས་པོ་ཞིག་མཁོ། ལུས་ངག་ཡིད་གསུམ་གྱི་སྤྱོད་པ་གཞན་གྱི་མིག་ལ་མཛེས་པ་ཞིག་མཁོ་བ་ཡིན་ཏེ། དེས་སློབ་མར་ཤན་ཤུགས་བཟང་པོ་ཐེབས་པར་བྱ་དགོས།
     ༤ མིག་རྒྱང་རིང་པོ་མཁོ་སྟེ། ལྷག་བསམ་རྣམ་དག་གིས་མི་རིགས་ཀྱི་མ་འོངས་པ་དང་ཡུལ་ལུང་གི་བདེ་སྡུག་ཕྲག་ཏུ་འཁུར་བའི་བློ་མཁོ་ཞིང་དེ་རྩིས་མེད་དུ་གཏོང་མི་འོས་ཤིང་དགེ་རྒན་གྱི་གཟུགས་བརྙན་ཙམ་མ་ཡིན་པར་མིང་དོན་མཚུངས་པའི་དགེ་རྒན་ཞིག་བྱ་དགོས་པ་བཅས་ནི་རྩ་བའི་ཆ་རྐྱེན་ཞིག་ཡིན་པ་དང་། དེ་དག་ཀྱང་ལས་སླ་མོ་ཞིག་མ་ཡིན་ཏེ། ད་ལྟ་ནི་དུས་དང་གནས་སྐབས་ཁྱད་པར་བ་ཞིག་ཡིན་ཕྱིན། འདི་ལ་མཐུན་རྐྱེན་དང་འགལ་རྐྱེན་གཉིས་འཛོམས་པ་ཡིན་ཞིང་། དཀའ་ཁག་དེ་འདྲའི་འོག་ཏུ་ང་ཚོས་སློབ་གསོ་ལ་མཐོང་ཆེན་དང་ངོས་ཟིན་ཟབ་མོ་ཐོབ་དགོས། དེ་ལ་ཐོས་པ་བཙལ་བ་ལ་བརྩོན་པ་མི་ལྷོད་ཅིང་མི་དགེ་བའི་བཤེས་གཉེན་དང་སྡིག་པའི་གྲོགས་ཀྱི་དབང་དུ་མི་འགྲོ་བ། རང་གི་རིག་གནས་ཀྱི་རང་ཞལ་མཐོང་ཞིང་རང་ཚུགས་འཛིན་དགོས་པ། གཞན་གཅེས་འཛིན་ལ་བློ་སྦྱོང་བ་ལ་སོགས་བྱས་ནས་དགེ་རྒན་ལེགས་པོ་ཞིག་བྱ་དགོས་པ་ནི་སྔོན་གྱི་མཁས་དབང་དག་གི་ཕྱག་སྲོལ་བཟང་བོ་སྟེ་ཐོས་བསམ་སྒོམ་གསུམ་དང་མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་ལ་མ་འདུས་པ་མེད་ཅིང་།  དེ་ཡང་རང་དོན་ཕུན་སུམ་ཚོགས་པ་དང་གཞན་དོན་ཕུན་སུམ་ཚོགས་པ་གཉིས་ལ་འདུ་བ་དང་། མཐར་གཏུགས་ན་གཞན་དོན་ཕུན་སུམ་ཚོགས་པ་ཡིན་པས། དེ་ནི་དགེ་རྒན་རྣམས་ཀྱིས་ལེགས་ཉེས་བླང་དོར་རྣམ་པར་འབྱེད་པའི་སྒོ་ནས་སློབ་མ་རྣམས་ལ་བསམ་སྤྱོད་གཉིས་ཀྱིས་ལམ་སྟོན་མཛད་རྒྱུ་དེའོ་ཞེས་གདམས་སོ།།

     ཕྱི་དྲོར་དགེ་རྒན་མཆོག་གིས་སློབ་གྲྭའི་དཔེ་མཛོད་ཐོག་ཁང་གི་མདུན་དུ་མཐོ་གཅིག་མཐོ་གཉིས་ཀྱི་སློབ་མ་ཡོངས་ལ་ཁ་ཏ་སློབ་གསོ་གནང་། དགེ་རྒན་ཁོང་གིས་གསུངས་རྒྱུར། སྤྱིར་དལ་བརྒྱད་འབྱོར་བཅུའི་མི་ལུས་ཤིན་ཏུ་འཐོབ་པར་དཀའ་བས་མི་ལུས་རིན་ཆེན་གསེར་འདི་ཐོབ་པར་གཅེས་སྤྲས་གྱིས་ཏེ་ཕ་མའི་བཀའ་དྲིན་དྲན་པ་དང་ད་ལྟའི་ཕྱི་རྐྱེན་བཟང་བོ་འཛོམས་པ་ལ་དམ་འཛིན་བྱས་ནས། མ་འོངས་པ་ན་གོམ་པ་དང་པོར་རང་ཁ་རང་གསོ་བྱེད་ཐུབ་པ་དང་། དེའི་རྗེས་ནས་མི་རིགས་དང་འགྲོ་བ་མིའི་རིགས་ལ་ཕན་པའི་ལས་བསྒྲུབ་པའི་ཕུགས་འདུན་དགོས། སློབ་གྲོགས་ཚོ་ནི་གསར་སྐྱེས་ཀྱི་མྱུ་གུ་དག་དག་ཡིན་པས་རླབས་ཆེ་བའི་ཕུགས་བསམ་དང་དམ་བཅའ་ངེས་པར་མཁོ་ཞིང་བྱེ་བྲག་གིས་རང་ཉིད་ཀྱི་ཕུགས་བསམ་ཇི་ལྟར་མངོན་འགྱུར་བྱེད་རྒྱུའི་དྲན་འཆར་དགོས། དམིགས་འབེན་མངོན་འགྱུར་བྱེད་པར་སློབ་སྦྱོང་བཟང་པོ་བྱེད་དགོས་ཏེ། དེ་ལ་ཐོག་མར་དཔེ་ཀློག་ལ་གོམས་པར་བྱེད་དགོས། དེ་ཡང་དུས་ཚོད་དམ་འཛིན་སྒོས་འཆར་གཞི་ཡོད་པའི་སྒོ་ནས་དཔེ་ཀློག་བྱེད་དགོས་པ་དང་གཅིག ཉན་པའི་རྒྱུ་སྤུས་མཐོར་འདེགས་བྱེད་པ་སྟེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གསུངས་པ་བཞིན་སྣོད་ཀྱི་སྐྱོན་གསུམ་སྤངས་པའི་སྒོ་ནས་ཡིད་དང་རྣ་བ་གཏད་ནས་སློབ་ཁྲིད་ལ་ལེགས་པར་ཉན་པ། བརྗེད་ངེས་བསལ་ཞིང་དྲན་ཤེས་བསྟེན་རྒྱུའང་ཤིན་ཏུ་གལ་ཆེ་སྟེ། སྦྱོར་དངོས་རྗེས་གསུམ་གྱི་སྐབས་སུ་དྲན་པ་གསོས་ཏེ་རྣ་བས་ཉན་ཞིང་ཡིད་ལ་འཛིན་དགོས་པ་དང་གཉིས། དེ་བཞིན་འཛིན་སྐྱོར་བྱས་ཏེ་རང་ཉིད་ཀྱི་ཤེས་བྱ་རྒྱ་བསྐྱེད་པའི་ཐབས་དམ་པ་ལ་བསྟེན་པ་དང་གསུམ། ཀུན་སྤྱོད་ལེགས་པོ་ཞིག་གིས་ཡ་རབས་ཚུལ་མཐུན་གྱི་མི་ཞིག་ཏུ་འགྱུར་བར་བརྩོན་པ་དང་བཞི་བཅས་ངེས་པར་མཁོ་ཞེས་དང་དེ་དག་ལག་ལེན་གྱིས་ཏེ་མ་འོངས་པ་ན་རང་དོན་ཕུན་ཚོགས་ཙམ་མ་ཟད་གཞན་དོན་ཕུན་ཚོགས་ཀྱང་འགྲུབ་པའི་མི་ཞིག་བྱེད་རྒྱུར་ད་ལྟ་ནས་འབད་པ་བྱེད་དགོས་པའི་རེ་བ་དང་སྨོན་འདུན་ཞུས་ཏེ་འཆད་ཁྲིད་ཡོངས་སུ་རྫོགས་སོ།།

     ཐེངས་འདིའི་འཆད་ཁྲིད་ལས་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སློབ་གྲྭ་དང་ཁྲི་ཀ་ས་ཁུལ་གྱི་དགེ་རྒན་རྣམས་ལ་དགེ་རྒན་གྱི་ལས་དོན་འདིའི་འགན་ཁྲི་ལ་ངོས་ཟིན་ཟབ་མོ་ཞིག་ཐོབ་སྟེ། ཆོད་སེམས་བརྟན་པོས་མི་རིགས་ཀྱི་སློབ་གསོའི་ལས་ལ་ཤ་ཐང་གིས་འབད་རྒྱུའི་སེམས་ཤུགས་བསྩལ་བ་དང་། སློབ་མ་རྣམས་ལའང་གོ་སྐབས་གཅེས་འཛིན་དང་དུས་ཚོད་དམ་འཛིན་གྱིས་ཕུགས་བསམ་དང་འཆར་གཞི་ལྡན་པའི་སྒོ་ནས་སློབ་སྦྱོང་ལ་འབད་རྒྱུའི་སྤོབས་པ་བླ་མེད་གནང་ངོ་།། མཐར་དགེ་རྒན་དམ་པ་ཁོང་གི་སྐུ་ཚེི་རྒྱལ་མཚན་སྐལ་བརྒྱར་བརྟན་པར་སྨོན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...