སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དགེ་རྒན་ཆེན་མོ་བདེ་མཆོག་ལགས་ཀྱིས་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པར་འཆད་ཁྲིད་གནང་བ།
རྩོམ་པ་པོ། རྡོ་རྗེ་འཇིགས་བྱེད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-11-1 11:51:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སྤྱི་ཟླ10པའི་ཚེས31ཉིན། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། བོད་ཀྱི་བརྡ་སྤྲོད་སྨྲ་བའི་ཁྱུ་མཆོག བོད་ཀྱི་སློབ་གསོ་ལ་ཤ་ཐང་གིས་འབད་པའི་མཁས་དབང་ཆེན་མོ་ཨ་ཁུ་བདེ་མཆོག་ལགས་གདན་ཞུ་བྱས་ཏེ་སློབ་གྲྭའི་དགེ་སློབ་ཡོངས་ལ་དྲིན་ལན་གསབ་པའི་སྐོར་གྱི་གསུང་གི་བདུད་རྩི་རྨ་མེད་པ་གནང་།

     དམ་པ་ཁོང་གིས་གིས་བལྟ་བ་བཞི་ལ་དྲིལ་ནས་འཆད་ཁྲིད་གནང་ཞིང་། ཐོག་མར་བྱ་བ་ཅི་བྱས་ཐམས་ཅད་ཚེ་ཕྱི་མར་བལྟ་དགོས་ཏེ། ཚེ་འདིའི་བདེ་བ་དང་སྐྱིད་སྣང་འབའ་ཞིག་ལ་དུངས་པ་ནི་ཤིན་ཏུ་མི་རིགས་ཤིང་། དེས་ཚེ་ཕྱི་མའི་ངན་སོང་སོགས་ཀྱི་སྡུག་བསྔལ་ཁོ་ན་བསྐྱེད་པས། མི་ཡ་རབས་ཚུལ་མཐུན་ཞིག་དང་མི་ཚེ་དོན་དང་ལྡན་པ་ཡོང་བ་ལ་ཚེ་ཕྱི་མ་རྟག་ཏུ་དྲན་པར་བྱ་དགོས་ཞེས་གསུངས་པ་དང་། དེར་འབྲེལ་གྱི་སྐྱེས་བུ་རབ་འབྲིང་ཐ་གསུམ་གྱི་བསམ་པའི་ཁྱད་པར་ཡང་གོ་བདེ་གནད་འདྲིལ་བའི་སྒོ་ནས་གསུངས། དེ་ཡང་ཕྱི་མ་མི་དྲན་པའི་མིས་ནི་ཡོན་ཏན་དོན་དུ་གཉེར་བར་མི་བྱ་བ་དང་སྐྱེས་བུ་དམ་པའི་གསུང་རྣ་བར་མི་འགྲོ་བས་ཕྱི་མ་ངན་འགྲོ་ཁོ་ནར་སྐྱེས་པ་དང་སྡུག་བསྔལ་གྱི་རྒྱུ་ཁོ་ནར་ཟད་དོ། ང་ཚོ་མི་སུ་དང་སུ་ཡིན་ཡང་དགེ་བ་བསྒྲུབ་པ་ལ་གྲོགས་བྱེད་མི་ཐུབ་ནའང་བར་ཆད་གཏན་ནས་བྱ་མི་རུང་བར་གསུངས།

     དེའི་རྗེས་བྱ་བ་ཅི་བྱེད་ཐམས་ཅད་ཕ་མའི་དྲིན་ལན་ལ་བལྟ་དགོས་ཏེ། ཕ་མའི་དྲིན་ལན་གྱི་གལ་ཆེན་རང་བཞིན་ངོས་ཟིན་པར་བྱ་དགོས་ལ། ཇོ་བོ་རྗེས། རྒས་འཁོགས་ཀྱི་ཕ་མ་དང་ཐག་རིང་གི་མགྲོན་པོ།  ཡུན་རིང་གི་ནད་པ་བཅས་ལ་ཞབས་ཏོག་ལེགས་པར་བསྒྲུབ་རྒྱུ་ནི་དགེ་བའི་ཞིང་མཆོག་ཏུ་གྱུར་བ་ཡིན་ཞེས་གསུངས་པ་བཞིན་ཕ་མ་ལ་བརྩི་བཀུར་དང་དྲིན་ལན་གཞལ་རྒྱུ་ཤིན་ཏུ་གལ་ཆེན་ཡིན་པ་དང་། སྤྱིར་ཕ་མ་ལ་བསྙེན་བཀུར་བྱས་ན་སྟེང་ཕྱོགས་ལྷ་རྣམས་དགའ་ཞིང་བར་གྱི་གཉན་གྱིས་གྲོགས་མཛད། འོག་གི་ཀླུ་ཡིས་རྒྱབ་སྐྱོར་བས་དྲིན་ཆེན་ཕ་མ་ཕ་མར་ཤེས་དགོས། དེ་ཡང་དྲིན་ལན་གཞལ་ལུགས་ལ་ཕ་མར་ཚིག་ལོག་མི་རྒྱག་པ་དང་ཕ་མའི་ཁར་ཉན་པ། ཕ་མའི་དྲན་པ་དེ་ཉིད་སྒྲུབ་རོགས་བྱ་རྒྱུ་ནི་ངེས་དོན་གྱི་དྲིན་ལན་འཇལ་བའི་ཐབས་དམ་པ་ཡིན། དེའི་ཕྱིར་བུ་ཕྲུག་གིས་ཕ་མར་བརྩི་བ་ནི་མ་ཎི་ཡིག་དྲུག་བགྲངས་པ་ལས་མཆོག་ཅིང་ཐར་བ་དང་ཐམས་ཅད་མཁྱེན་པའི་བརྒྱུད་རྒྱུར་འགྱུར་ངེས་ཡིན་པར་གསུངས་པ་དང་། ཕ་མར་ཁྱོད་ལ་བརྩེ་བ་དང་ཤ་ཚ་བའི་བློ་དང་ལྡན་ཕྱིར་དེས་གང་གསུང་ཐམས་ཅད་ལ་བློ་དོགས་པ་དང་ཡིད་ཐེ་ཚོམ་མེད་པའི་ངང་ནས་ལན་མི་ལྡོན་པར་ཅི་བཞིན་བསྲུང་དགོས་པ་དང་། གལ་ཏེ་ཕ་མ་ལ་མ་བརྩིས་ན་མི་གྲལ་ནས་བུད་པའི་རྟགས་སུ་གསལ་བ་ཡིན་པ་འཚོ་བ་དངོས་ཀྱི་དཔེ་མཚོན་གསོན་པོ་དང་སྦྲགས་ནས་གསལ་བར་གསུངས་སོ། །

     དེ་ནས་སྤྱོད་པ་ཡ་རབས་ལ་བལྟ་དགོས་ཏེ། ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཚུལ་བཞིན་དུ་བསྲུང་དགོས་པ་དང་། བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་དང་འབྲེལ་བའི་གོམས་སྲོལ་ལེགས་པོ་དེ་ཉིད་རྒྱུད་འཛིན་བྱེད་པ་ལས་མ་རྟོག་ལོག་རྟོག་གི་ཚུལ་དུ་འགྱུར་བཞིན་པ་ལ་མཉམ་འཇོག་དང་། གཞན་ལ་གུས་པ་དང་བརྩི་འཇོག་གི་སྤྱོད་པ་རྒྱུད་ལ་ལེན་དགོས། དེ་ལས་ལུས་ཀྱི་སྤྱོད་པ་ལ་གོན་པ་གོན་ལུགས་དང་ཟ་ལུགས་འཐུང་ལུགས་སོགས་ཚུལ་དང་ལྡན་པར་བྱ་དགོས་པ་དང་། ངག་གི་སྤྱོད་པ་ལ་ངག་སྙན་མོ་དང་ཚིག་འཇམ་པོས་ཉེ་རིང་སུ་ལའང་གཏམ་ལེགས་པར་སྨྲ་བར་འབད་དགོས་པ། ཡིད་ཀྱི་སྤྱོད་པ་ལ་རྒྱུད་ཞི་བར་བྱས་ནས་རང་རང་གི་ལས་གནས་གང་དེར་ཧུར་ཐག་བྱེད་པ་དང་གཞན་ལ་བཟོད་པ་བྱེད་པ། གཞན་ལ་ཕན་སེམས་བསྐྱེད་པ་དང་བདག་གཞན་མཉམ་བརྗེ་ཡི་བློ་དགོས་པར་གསུངས།

     མཐར་རང་གི་གཤིས་རྒྱུད་བཟང་མིན་ཐོས་པ་ལ་བལྟ་དགོས་ཏེ། ཐོས་པ་བྱ་སའི་ཡུལ་ནི་ཡིག་འཇོག་གི་སློབ་གཉེར་དང་སྤྱི་ཚོགས་ཀྱི་སློབ་གཉེར་གཉིས་ཡོད། དེ་ལས་སྤྱི་ཚོགས་ཀྱི་སློབ་གཉེར་ནི་དེང་གི་དུས་ལྷག་པར་གལ་ཆེན་ཆེ་བར་གསུངས་ཤིང་། རང་གིས་གང་བསྒྲུབ་རྒྱུའི་ལས་དེའི་ཉེས་དམིགས་མཇུག་འབྲས་དང་བཅས་པ་གསལ་བོར་ངེས་ཟིན་པར་བྱས་ནས་ད་གཟོད་བསྒྲུབ་དགོས། གཞན་ངོ་བོ་དགེ་བ་ལ་རྣམ་པ་སྡིག་པ་དང་ངོ་བོ་སྡིག་པ་ལ་རྣམ་པ་དགེ་བའང་ཡོད་པས་དེ་གཉིས་ཀྱི་ཁྱད་པར་སློབ་སྦྱོང་གིས་རང་རྒྱུད་ཀྱི་ཤེས་རབ་འཕེལ་བར་བྱས་ནས་འབྱེད་དགོས་པ་དང་། སློབ་གཉེར་ལེགས་པོ་བྱེད་པ་ལ་དད་པ་༼དགེ་རྒན། སློབ་དེབ། རང་རྒྱུད་ཀྱི་ཤེས་རབ༽དང་གུས་པ། ཡིད་ཆེས་ཀྱི་སྒོ་ནས་སློབ་གཉེར་བྱེད་པ་ལ་རག་ལས། དེ་ལས་སློབ་གྲོགས་ཕན་ཚུན་བར་ལ་མཐུན་སྒྲིལ་དང་སྒྲིག་ལམ་བརྩི་བསྲུང་བྱེད་པ་དང་། གཞན་གཙང་སྦྲའི་ཐད་བཀྲུ་གཤལ་འབྱིད་གསུམ་གྱིས་དབུགས་ཀྱི་མི་གཙང་བ་གཙང་མར་བྱེད་པ་ནི་ཤེས་པ་འཕེལ་བར་གལ་ཆེན་པོར་གསུངས། དེ་མིན་གཞན་གྱི་ལྭ་གང་འདོད་དུ་མི་གོན་པ་དང་བཀྲུ་ཆུ་མི་འཐུང་བ། དུག་སྡོང་གི་འོག་ཏུ་མི་ཉལ་བ་དང་གྲིབ་མའི་མཚམས་སུ་མི་འགྲེང་བ་སོགས་ནི་ཐོས་པའི་རིག་པ་མི་ཉམས་པའི་རྒྱུ་ཡིན་པས་ནམ་ནམ་ཞ་ཞར་སེམས་ལ་འཛིན་དགོས་པ་བཅས་བལྟ་བ་བཞི་ཞིབ་མོ་རྣམ་འཐག་གིས་གསུངས་སོ།།
     འདི་ཡང་དེང་གི་སྐལ་ལྡན་སློབ་བུ་རྣམས་ཀྱི་མི་ཚེ་དོན་ལྡན་ཡོང་བའི་རེ་བའི་འོད་ཟེར་དང་ལམ་སྟོན་གྱི་སྒྲོན་མེར་འགྱུར་བར་ཤོག


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...