སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་བྱང་ཁུལ་གྱིས་སྐད་གཉིས་ལས་བྱེད་པའི་ལོ་ཙཱའི་གསོ་སྦྱོང་སྤེལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-18 11:29:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


མཚོ་བྱང་ཁུལ་གྱིས་སྐད་གཉིས་ལས་བྱེད་པའི་ལོ་ཙཱའི་གསོ་སྦྱོང་སྤེལ།

     མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལོ་ལྔའི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་བའི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་བ་དང་ཁུལ་ཡོངས་ཀྱི་མིང་བརྡ་གཅིག་གྱུར་བྱེད་པ། སྐད་གཉིས་ལས་བྱེད་པའི་བྱ་བའི་ནུས་པ་གོང་མཐོར་གཏང་ཆེད། མཚོ་བྱང་ཁུལ་བོད་སྐད་ཡིག་གཞུང་ལས་ཁང་གིས་གཙོ་སྒྲུབ་བྱས་ཏེ་སྤྱི་ཟླ12པའི་ཚེས15ནས16བར་དུས་ཡུན་ཉིན་གཉིས་ཀྱི་རིང་ལ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་འབའ་སྟོད་ཚེ་དབང་རྡོ་རྗེ་དང་དུང་དཀར་ཚེ་དབང་རྡོ་རྗེ་གཉིས་གདན་དྲངས་ནས2018ལོའི་ཁུལ་ཡོངས་ཀྱི་སྐད་གཉིས་ལས་བྱེད་པའི་ལོ་ཙཱའི་གསོ་སྦྱོང་ནུབ་མཚོ་གྲོང་བརྡལ་དུ་རྒྱ་ཆེར་སྤེལ་བ་དང་ཁུལ་བརྙན་འཕྲིན་ཁང་། མདོ་ལ་ཚགས་པར་ཁང་། རྫོང་སོ་སོའི་ཁྲིམ་འཛིན་ལས་ཁུངས། དེ་བཞིན་སློབ་གསོ་དང་རིག་གནས་སྡེ་ཁག་བཅས་ཀྱི་ལས་བྱེད་མི་སྣ58ལྷག་གསོ་སྦྱོང་ལ་ཞུགས།


དགེ་རྒན་ཆེན་མོ་འབའ་སྟོད་ཚེ་དབང་རྡོ་རྗེས་འཆད་ཁྲིད་གནང་བཞིན་པ།


དགེ་རྒན་ཆེན་མོ་དུང་དཀར་ཚེ་དབང་རྡོ་རྗེས་འཆད་ཁྲིད་གནང་བཞིན་པ།

     ཐེངས་འདིར་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་འབའ་སྟོད་ཚེ་དབང་རྡོ་རྗེས་རང་ཉིད་ཀྱི་ལོ་མང་རིང་གི་སློབ་ཁྲིད་ཀྱི་ཉམས་མྱོང་དང་ལོ་ཙཱའི་རིག་གཞུང་ཞིབ་འཇུག་གི་ལག་ལེན་བརྒྱུད་དེ་བརྡ་ཆད་གསར་བ་ཡིག་བསྒྱུར་བྱེད་ཐབས་དང་ཡིག་བསྒྱུར་བྱེད་སྐབས་གནད་གང་དག་ལ་ཡིད་འཇོག་བྱེད་དགོས་ཚུལ། ཐ་སྙད་གསར་བ་ཡིག་སྒྱུར་བྱེད་དུས་མ་ཡིག་ལ་གོ་བ་ཇི་ལྟར་ལེན་པ་དང་བོད་རང་གི་ཡིག་སྒྱུར་གྱི་རྩ་དོན་དང་མཐུན་པར་བྱས་ཏེ་ཇི་ལྟར་སྒྱུར་ཚུལ་ཐད་ནས་འཆད་ཁྲིད་གནངས། དགེ་རྒན་ཆེན་མོ་དུང་དཀར་ཚེ་དབང་རྡོ་རྗེས་རང་གི་མཁས་དབང་དུ་མའི་ཞབས་དྲུང་དུ་བརྡ་སྤྲོད་རིག་པའི་གཞུང་ལ་ཐོས་བསམ་རྒྱ་ཆེར་བྱས་པའི་གྲུབ་འབྲས་དང་རང་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་རིགས་ལམ་བརྒྱུད་དེ་བརྡ་སྤྲོད་ལས་བོད་ཡིག་གི་ཡང་འཇུག་གནད་དུ་བཟུང་ནས་ཡང་འཇུག་བསྟན་ཚུལ་དང་སྦྱོར་ཚུལ་ཐད་དུ་ནོར་སྐྱོན་འབྱུང་བཞིན་པའི་གནད་མཐའ་དག་ཇི་ལྟར་སེལ་དགོས་ཚུལ་དང་། དེ་དང་འབྲེལ་ནས་མིང་མཐའི་པ་བ་གཉིས་སྦྱོར་ཚུལ་དང་ཁྱད་པར། དེའི་དམིགས་བསལ་རང་བཞིན། བོད་ཡིག་ལས་ཚིག་སྐོར་གྱི་དོགས་གནད་དག་རེ་རེ་བཞིན་ཁ་གསལ་གོ་བདེ་ངང་ནས་འཆད་ཁྲིད་གནངས།


མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་གཞུང་ལས་ཁང་གི་ཀྲུའུ་རིན་རིན་ཆེན་ཚེ་རིང་གིས་མགོ་འཛིན་གནང་བཞིན་པ།

     དེར་བརྟེན། ཐེངས་འདིའི་གསོ་སྦྱོང་བརྒྱུད་ནམ་རྒྱུན་ཀྱི་འཚོ་བའི་ཁྲོད་ཀྱི་ལོ་ཙཱ་དང་བརྡ་སྤྲོད་ཐད་དུ་བྱུང་དང་འབྱུང་བཞིན་པའི་གནད་དོན་གང་མང་ཞིག་ལེགས་བཅོས་བྱེད་པའི་ཕྱོགས་ལ་ཡར་སྐུལ་གྱི་ནུས་པ་བླ་མེད་ཐོན་པས་སློབ་མ་རྣམས་ཀྱིས་ཁས་ལེན་དང་དགའ་མགུ་ཡི་རངས་བྱེད་པར་མ་ཟད། རྗེས་ཕྱོགས་འདི་ལྟ་བུའི་གསོ་སྦྱོང་ལ་རྒྱབ་སྐྱོར་དང་འཐུས་ཇེ་ཚང་དུ་བཏང་ནས་མུ་མཐུད་དུ་བསྒྲུབ་དགོས་པའི་ཐད་དུ་སྔར་ལས་ལྷག་པའི་རེ་བཞག་ཆེན་པོ་བྱས་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...