སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་མི་རིགས་མཐོ་འབྲིང་དང་པོས་སློབ་མའི་རྩོད་གླེང་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།
རྩོམ་པ་པོ། ཟླ་བ་ཚེ་རིང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-1-2 10:10:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     དེ་ཡང་། རྩོད་པ་མེད་ན་འགྲན་སློང་མེད། འགྲན་སློང་མེད་ན་མདུན་སྐྱོད་མེད། ཞེས་པ་ལྟར། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་གུང་གཞོན་ཚོགས་པས་སློབ་མའི་བསམ་བློ་ཀུན་སྤྱོད་ཐད་ཀྱི་སློབ་གསོར་ཤུགས་སྣོན་དང་སློབ་རའི་སློབ་སྦྱོང་གི་མཁའ་དབུགས་ལེགས་བཅོས་སུ་གཏོང་བ། སློབ་མའི་སྨྲ་བརྗོད་ཀྱི་ནུས་པ་དང་གཏན་ཚིགས་བསམ་གཞིགས་ཀྱི་ནུས་པ་སྐྱེད་སྲིང་དང་སྦྱོང་བརྡར་བྱ་ཆེད་ཉིན་གཉིས་ཀྱི་དགོང་ཚོགས་ཀྱི་དུས་ཚོད་བེད་སྤྱད་ནས་ཉེ་ལམ་སློབ་གྲྭའི་སྙན་ཞུའི་ཚོམས་ཁང་ཆེན་མོ་རུ་སློབ་མའི་རྩོད་གླེང་འགྲན་བསྡུར་སྐབས་ལྔ་བ་གཟབ་རྒྱས་ངང་སྤེལ།

     ཐེངས་འདིའི་འགྲན་བསྡུར་དེ་བོད་རྒྱ་སྐད་གཉིས་སུ་དབྱེ་ཞིང་། ལོ་རིམ་རེ་རེའི་འཐུས་ཚབ་འགྲན་ཞུགས་པས་སློབ་མའི་སློབ་སྦྱོང་དང་སྒྲིག་ལམ། མི་གཤིས་སོགས་སློབ་མའི་འཚོ་བ་འབྲེལ་བའི་དོན་དག་རྩོད་གཞིར་བཟུང་ནས་སྔ་རྒོལ་དང་ཕྱི་རྒོལ་གཉིས་ནས་སྟག་སེང་ཁ་སྤྲོད་ཀྱི་ཚུལ་དུ་བརྩད་ཅིང་། འགྲན་ཞུགས་སློབ་གྲོགས་རྣམས་ཀྱིས་མཛུབ་ཁྲིད་དགེ་རྒན་རྣམ་པའི་བཀོད་སྒྲིག་འོག་ཤེས་བྱེད་ཀྱི་ཁུངས་དང་། རྒྱབ་རྟེན་གྱི་ལུང་། སྒྲུབ་བྱེད་ཀྱི་རིགས་པ། གསལ་བྱེད་ཀྱི་དཔེའི་སྒོ་ནས་རང་ཕྱོགས་ཀྱི་ལྟ་བ་རང་རྐྱ་ཐུབ་པར་བསྒྲུབས་པས་འགྲན་བསྡུར་ཡུལ་དངོས་ཀྱི་དགེ་སློབ་ཉིས་སྟོང་ལྷག་གི་ཡིད་ཀྱི་དང་བ་ཅིག་ཅར་ཏུ་དྲངས་ཤིང་བསྟོད་པའི་མཐེ་བོང་མཁའ་རུ་བསྒྲེངས།


 

     ཛ་དྲག་ཆེ་བའི་འགྲན་རྩོད་བྱས་པ་བརྒྱུད་མཐར་བོད་རྒྱ་སྐད་གཉིས་ཀྱི་རྩོད་གླེང་འགྲན་བསྡུར་ཁྲོད་སློབ་གྲོགས་དཔལ་མཚོ་སྒྲོལ་མ་དང་པདྨ་བཀྲ་ཤིས་སོགས་སློབ་གྲོགས་དྲུག་ལ་ཕུལ་བྱུང་རྩོད་གླེང་བའི་མཚན་སྙན་ཐོབ་ཅིང་། མཐོ་གཅིག་ཚན་སྐོར་དང་མཐོ་གསུམ་ཚན་སྐོར་ལ་རིམ་པར་ཐུན་མོང་གི་བྱ་དགའ་ཨང་དང་པོ་ཐོབ་པ་རེད།

     འགྲན་བསྡུར་ཡོངས་སུ་མཇུག་སྒྲིལ་རྗེས་སློབ་གཙོ་ཀླུ་འབུམ་རྒྱལ་ལགས་ཀྱིས་དཔྱད་འདེམ་པའི་ཚབ་བྱས་ནས་འགྲན་བསྡུར་གྱི་གནས་ཚུལ་ལ་སྤྱི་སྡོམ་བྱས། ཁོང་གིས་གསུངས་རྒྱུར། ཉམས་མེད་སྤོབས་པའི་དཔའ་གདེང་གསེར་ཆེན་རི་བོའི་རྩེ་ན་ངོམས། །ཞུམ་མེད་སྙིང་སྟོབས་ཆེན་པོ་མཁའ་ལྡིང་དར་མའི་རྩལ་ལས་མཐོང་། །རྒྱབ་རྟེན་དོན་ལྡན་ལུང་ཚིག་དྲན་དབང་བྱེ་བའི་གསུང་ལས་དྲངས། །ངོ་མཚར་སྒྲུབ་བྱེད་རིགས་པ་གནའ་དེང་ཕྱི་ནང་ཟུང་དུ་སྦྲེལ། །དག་གསལ་སྨྲ་བརྗོད་བཟང་བོ་རྨ་ཀླུང་རིང་མོའི་རྒྱུན་ལ་འགྲན། །གསལ་མྱུར་རིགས་ལམ་ཕྲ་མོ་སྟོན་མཚན་ནམ་མཁའི་གློག་གི་སྤུན། །ཞེས་པའི་གདེང་འཇོག་མི་དམན་པ་མཛད་ཅིང་། ཞར་ལ་རྩོད་པའི་རྣམ་འགྱུར་དང་ཀུན་སློང་ལ་སོགས་པའི་ཆ་ནས་ལེགས་བཅོས་སུ་གཏོང་དགོས་པའི་རེ་བའང་མང་དུ་བཏོན་པ་མ་ཟད། ཤེས་རིག་སྐར་ཚོགས་བཀྲ་བའི་མཁའ་དབྱིངས་སུ། །འཛད་མེད་ཐོས་བསམ་ཆུ་འཛིན་འཁྲིགས་དང་ལྷན། །རྩོད་ངག་གཡུ་འབྲུག་སྔོན་མོ་ལྡིར་བའི་སྒྲ། །ལྔ་རིག་དགའ་ཚལ་རྒྱས་པའི་རྒྱུར་གྱུར་ཅིག །ཅེས་པའི་སྨོན་འདུན་ཞུ་ཚིག་དང་འབྲེལ་ནས་ཐེངས་འདིའི་འགྲན་བསྡུར་ལ་རྫོགས་ཚིག་བཀོད།

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...