སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དམངས་ཁྲོད་གཏམ་རྒྱུད་གནའ་རྒྱལ་ཚེ་ལོ་ལས་བོད་མིའི་ཁྱིམ་གྱི་སློབ་གསོ།
རྩོམ་པ་པོ། རྣམ་རྒྱལ་ཚེ་རིང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-18 11:18:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     གནའ་རྒྱལ་ཚེ་ལོ་ཞེས་པའི་གཏམ་རྒྱུད་འདི་ནི་རྒན་པོ་ཞིག་གི་གོ་གཏམ་རྐྱང་བ་ཞིག་མ་ཡིན་པར་བོད་མི་རྣམས་ཀྱི་འཚོ་བའི་གོམས་གཤིས། འགྲོ་འདུག་ཉལ་འཆག བསམ་པའི་འཁྱེར་སོ། འཛེམ་མཛེས་རིག་གནས། སྡིག་སྤོང་དགེ་སྒྲུབ། ལས་འབྲས། ཚེ་འདི་ཕྱི་སོགས་ཆ་ཡོངས་སུ་ཚང་བའི་སྒོ་ནས་མི་རྣམས་ལ་ལེགས་པའི་ལམ་དུ་འགྲོ་དགོས་པར་སྐུལ་བའི་སློབ་གསོ་རྨད་དུ་བྱུང་བ་ཞིག་རེད། གཏམ་རྒྱུད་འདི་ཉུང་ཞིང་དོན་འདུས་པ། གཏམ་རྒྱུད་ཀྱི་རྣམ་པས་མཚོན་ཡོད་པས་བོད་མི་ཀུན་གྱིས་གོ་བདེ་བའི་ཁྱད་ཆོས་མངོན་པར་གསལ། དེ་བས་ཕྱི་རབས་པ་རྣམས་ཀྱིས་རྒན་པོ་འདིའི་ངོ་མཚར་གཏམ་གྱི་སྦྱོར་བ་སེམས་ལ་འཛིན་རྒྱུ་དང་ཁོང་གིས་བཏོན་པའི་བླང་དོར་ཆ་ལ་བརྩི་སྲུང་བྱ་རྒྱུ་ནི་འོས་འགན་ཡིན། འདི་ནི་ང་ཚོ་ཕྱི་རབས་པ་ཚོ་ལེགས་པའི་ལམ་དུ་འགྲོ་བྱེད་ཀྱི་སྐས་རིམ་ལྟ་བུར་འཁུམས།སློབ་གསོ་འདི་སེམས་ལ་བཟུང་ནས་ལེགས་པའི་ལམ་དུ་འགྲོ་རྒྱུ་ནི་གཏམ་རྒྱུད་འདིའི་དོན་སྙིང་ཡིན་པ་སྨྲས་མ་དགོས།
     དེ་ཡང་རྒན་པོ་འདིའི་མི་ཚེ་གཏམ་གླེང་གི་ཆ་གང་ནས་བལྟས་ཀྱང་ཁྱིམ་གྱི་སློབ་གསོ་ནི་སློབ་གསོ་ཀུན་གྱི་གཞུང་ཤིང་ཡིན་པ་དངོས་ཤུགས་གང་རུང་ནས་བསྟན་ཡོད། དེ་བས་ཁོང་གིས་ཀྱང་སློབ་གསོ་བྱེད་དུས་ཁྱིམ་ཚང་གི་གྲུབ་ཆར་གྱུར་པའི་མི་རྒན་དར་གཞོན་གསུམ་གྱི་འཚོ་བའི་སྣང་ཚུལ་མང་པོ་དཔེ་རུ་བཀོད་དེ་ཁ་གསལ་གོ་བདེ་ཡི་སྒོ་ནས་འགྲོ་ལུགས་འདུག་སྟངས། ཟ་འཐུང་གི་སྐོར། བྱ་བྱེད་སོགས་རེ་རེ་བཞིན་དཔེ་མཚོན་ལྡན་པའི་སྒོ་ནས་ཞིབ་འབྲི་བྱས་ཏེ་ལས་སྣ་ཚོགས་ཀྱི་དགེ་སྐྱོན་གྱི་ཆ་ལ་མཉམ་འཇོག་བྱ་དགོས་པའི་གཏམ་མང་དུ་བཤད་ཡོད་དེ།
གཅིག བོད་མིའི་འགྲོ་བ་ཡོངས་ལ་གྲོས་འདེབས་ཀྱི་ཚུལ་དུ་གནང་བའི་ཁ་ཏ་བསླབ་བྱ།
     ཁོང་ནི་འཇིག་རྟེན་གྱི་ཆགས་རིམ་སོགས་འཆད་ཤེས་པའི་མཁས་པ་མིན་ཡང་འཇིག་རྟེན་འཚོ་བའི་བརྒྱུད་རིམ་ཀྱག་ཀྱོག་འགྲིམ་པའི་རྒན་པོ་ཉམས་མྱོང་ཅན་ཡིན་པས་འཇིག་རྟེན་གྱི་སྐྱེས་ཕོ་མོ་ཀུན་ལ་དལ་འབྱོར་གྱི་མི་ལུས་ལེན་དཀའ་བ་དང་དུས་ད་ལྟ་མི་ལུས་ཐོབ་པ་འདི་ཡང་སྐྱེ་བ་སྔོན་མ་དག་གིས་ཚོགས་བསགས་བཟང་པོ་ལ་བརྟེན་ནས་ཐོབ་པ་དང་། དལ་འབྱོར་གྱི་ལུས་རྟེན་རྙེད་དཀའ་བ་ལ་མི་རྟག་པའི་རང་བཞིན་འདི་ལྟར་བརྗོད་ཡོད་དེ། རྙེད་དཀའ་བ་རི་བོང་གི་རྭ་དང་འདྲ་བ། འཆི་སླ་བ་ནམ་མཁའི་གློག་དང་འདྲ།ཞེས་བརྗོད་ཡོད་ལ། དུས་ད་ལྟ་བདེ་བར་སྡོད་པ་འདི་ཡང་ཚེ་རབས་སྔོན་མ་དག་གིས་ཚོགས་བསགས་པའི་འབྲས་བུ་ཡིན་པར་བརྗོད་ནས་ཤུགས་ལ་སྐྱེ་བ་འདིར་དགེ་བའི་ཚོགས་བསགས་ན་ཕྱི་མར་ཡང་འབྲས་བུ་ལེགས་པོ་སྨིན་པར་བརྗོད་དེ་རྒྱུ་འབྲས་བསྲུང་དགོས་པ་ནན་སྐུལ་བྱས་ཡོད། འདི་ལས་མི་ལུས་ལེན་དཀའ་བ་དང་མི་ལུས་རིན་ཆེན་ཡིན་པ་སོགས་མཚོན་པར་བྱས་ཡོད། ཕྱི་མའི་ཡུལ་ན་རྒྱུ་ནོར་ཟས་གོས་སོགས་སྤྱོད་སའི་གནས་མེད་པས་འཇིག་རྟེན་དཀར་ངོགས་ན་ཡོད་དུས་འགྲོ་ཤེས་སྤྱོད་ཤེས་བྱེད་དགོས་པ་མཁས་པ་རྣམས་ཀྱིས་སེམས་ལ་འཛིན་དགོས་པའི་ཚུལ་བསྟན་ནས་ཤུགས་ལ་འཇིག་རྟེན་སྐྱེ་བོ་ཀུན་གྱིས་སེམས་ལ་འཛིན་དགོས་པར་སྐུལ་བ།
གཉིས། ཆུང་བྱིས་པ་རྣམས་ལ་གནང་བའི་སློབ་གསོ།
     ཕྱི་སྣོད་ཀྱི་འཇིག་རྟེན་གྱི་མཛེས་པའི་ཆ་དག་ཞིབ་འབྲི་བྱས་ནས་འདི་ལྟ་བུའི་ནང་བཅུད་ཀྱི་སེམས་ཅན་དུ་སྐྱེས་པ་ཡང་བསྐལ་བ་དང་ལྡན་པ་ཡིན་པར་བརྗོད་པ་དང་། དགེ་བའི་འབྱུང་གཞི་ས་གཞི་ཡིན་པས་དེའི་དྲིན་ཤེས་དགོས་པ་གཙོ་བྱས་ནས་དགེ་བའི་ལས་ཀྱི་འབྱུང་གཞི་མཐའ་དག་གི་དྲིན་ཤེས་དགོས་པ་ཤུགས་ལ་བསྟན། སྐྱེ་བ་སྔ་ཕྱི་ཡོད་པ་ནས་བརྩམས་ཏེ་བྱིས་པ་རྣམས་ལ་ཚེ་འདི་ན་ཡོད་དུས་འཇིག་རྟེན་གྱི་ཕུན་ཚོགས་ཐམས་ཅད་ལ་གཅེས་འཛིན་གནང་བ་དང་དེ་དག་གི་དྲིན་ཤེས་པར་བགྱི་དགོས་པའི་བསླབ་བྱ་མང་དུ་གནང་། ཡིན་ནའང་། བྱིས་པ་དག་ལ་རྟོགས་པའི་བློ་དམན་པའི་དབང་གིས་གོ་བདེ་བའི་ཆེད་དུ་དཔེ་མང་དུ་བཀོད་ནས་བརྗོད་ཡོད་དེ། བགེགས་འཆི་བ་ནམ་མཁའི་གློག་དང་འདྲ་བ། དམར་འཚུབ་སེ་ནམ་འགྲོ་མི་ཤེས་ཀི། ནད་བྱུང་བ་ནགས་ཀློང་མེ་ཤོར་འདྲ། མེ་ནམ་ཚད་འབར་འགྲོ་མི་ཤེས་ཀི། རྐུས་བྱས་པ་ཕྱི་མའི་དོམ་བླངས་འདྲ། དོམ་ནམ་ཚད་འཇལ་དགོས་མི་ཤེས་ཀི། ཤོབ་གཏམ་པ་མུན་ནག་མདའ་འཕེན་འདྲ། མདའ་གང་ལ་འཕོག་འགྲོ་མི་ཤེས་ཀི་ཞེས་ཟུར་མི་འདྲ་བའི་སྒོ་ནས་ཚེ་སྲོག་ལ་གཅེས་སྤྲས་དང་ཚེ་འདིར་འཛེམ་དགོས་པའི་གནད་དག་ཞིབ་ཏུ་བཏོན་ནས་ཆུང་བྱིས་པའི་དུས་ནས་དགེ་བའི་ཕྱོགས་སུ་གཞོལ་དགོས་པ་བསྟན་ཡོད།
གསུམ། ན་གཞོན་ཕོ་གསར་རྣམས་ལ་གདམས་པའི་བསླབ་བྱ།
     སྐྱེས་པ་དང་བུད་མེད་གཉིས་ལས་སྐྱེས་པ་རྣམས་མ་རབས་ཀྱི་ཕྱོགས་སུ་གཞོལ་ཆེ་བའི་དབང་གིས་སྐྱེས་པ་རྣམས་དམིགས་སུ་བཀར་ནས་གཙོ་བོ་དྲིན་ཕ་མ་ལ་བཀུར་བསྟི་བྱ་དགོས་པ་དང་། ནང་ཕུ་ནུ་ལ་བྱམས་དགོས་ཚུལ་བརྗོད་དེ་བསོད་ནམས་འཕེལ་བའི་སྒོ་ཡང་འདི་ནས་བརྩམས་པར་གསུངས།ད་དུང་སེམས་ཅན་ཡོད་ཚད་མ་རུ་འཛིན་པའི་ཤེས་པ་མེད་ན་ཡང་། རྒན་པ་དག་ལ་ཕ་མ་ལྟ་བུའི་བཀུར་བསྟི་བྱ་དགོས་པ་བསྟན་པར་མ་ཟད། འགྲོ་འདུག་སྤྱོད་སྟངས་དང་གོས་ཀྱི་གོན་སྟངས། སྐད་ཆའི་བཤད་སྟངས། འཇིག་རྟེན་ལྟ་བ་སོགས་ཚུལ་དང་མཐུན་དགོས་པར་ནན་གྱིས་སྐུལ་ཡོད།
བཞི། རྒན་པོ་རྣམས་ལ་གནང་བའི་ཁ་ཏ་སློབ་གསོ།
     འཇིག་རྟེན་གྱི་རྒན་པོ་རྣམས་ལ་འཇིག་རྟེན་ནི་སྟོང་ཞིང་དོན་སྙིང་མེད་པའི་ཚུལ་ལས་བརྩམས་ཏེ་འཇིག་རྟེན་འཁོར་བ་ན་འཚོ་ཞིང་གནས་པའི་མི་སྐྱ་རྣམས་ལ་སྐྲ་ནག་པོའི་དུས། སྐྲ་དཀར་པོའི་དུས་ཞེས་དུས་རིམ་གཉིས་སུ་ཕྱེ་ནས་དུས་རིམ་གཉིས་པའི་ཆ་ལ་ལས་ཇི་ལྟར་བྱས་ན་འགྲིག་པའི་གནས་ལུགས་བརྗོད་ཡོད་དེ། སྐྱེས་པ་ནས་ད་ལྟའི་བར་དུ་ལས་སྣ་ཚོགས་པ་ཞིག་བསྒྲུབས་ཟིན་མོད། འོན་ཀྱང་ཕྱིར་ལྟ་རེ་བྱས་ན་དེ་དག་ཐམས་ཅད་གཞན་གྱི་ཆེད་དུ་བྱས་པའམ་དོན་སྙིང་དབེན་པ་ལྟར་སྣང་། རང་གི་དོན་དུ་བྱས་པ་ནི་ཁ་མ་ཎི་བགྲང་བ་དེ་ལས་ལྷག་པ་ཞིག་མེད་པ་འདྲ་བའི་འཇིག་རྟེན་གྱི་ཆོས་ཉིད་བརྗོད་ནས་སྐྲ་ནག་པོའི་དུས་སུ་མ་འགྲུབ་ན་སྐྲ་དཀར་པོའི་དུས་སུ་འགྲུབ་མི་སྲིད་པས། སྐྲ་དཀར་པོའི་དུས་ལ་རང་གིས་བྱས་ཟིན་བྱ་བར་འགྱོད་བཤེགས་དང་མ་ཎི་མང་དུ་བགྲངས་ན་དུས་ད་ལྟ་བདེ་ལ་ཕྱི་མ་སྐྱིད་པའི་སློབ་གསོ་གནང་བ་དང་ཆབས་ཅིག རྒན་པོ་རྣམས་ལ་འཇིག་རྟེན་མི་ཆོས་བསྒྲུབས་ནས་ཚར་དུས་མེད་པས་ད་ནི་རང་ཉིད་འགྲོ་ཤེས་འདུག་ཤེས་བྱས་ཏེ་དམ་པའི་ལྷ་ཆོས་ལ་འབད་དགོས་པའི་སྐུལ་མ་བྱས་ཡོད།
ལྔ། ཁྱིམ་གྱི་བདག་མོ་རྣམས་ལ་ཁ་ཏ་སློབ་གསོ་གནང་བ།
     ཁྱིམ་ཚང་ཞིག་ལ་མཚོན་ནས་བཤད་ན་བུད་མེད་ནི་ཁྱིམ་གྱི་གྲུབ་ཆ་གཙོ་བོ་ཡིན་པས་དམིགས་སུ་བཀར་ནས་གོ་རྒས་བུ་མོ། མནའ་མ། ཁྱིམ་གྱི་བདག་མོ་སོགས་རིགས་ཆེན་པོ་གསུམ་དུ་བགོས་ཏེ་ཁྱབ་མཉམ་དུ་སློབ་གསོ་གནང་ནས་ལག་ལས་ཀའི་ཕྱོགས་ལ་འབད་དགོས་ཚུལ་དང་འགྲོ་འདུག་སྤྱོད་གསུམ་གྱི་ཆ་ལ་མཉམ་འཇོག་དགོས་ཚུལ་སོགས་ཞིབ་ཆ་ལྡན་པའི་སྒོ་ནས་སློབ་གསོ་དང་འཇིག་རྟེན་གྱི་ལུགས་དང་མཐུན་དགོས་པའི་སྐོར་ཡང་ཡང་བཤད་ནས་བླང་དོར་གྱི་གནས་ལ་འཇུག་ཤེས་པར་བྱ་རྒྱུར་དོན་འདུས་ཀྱིས་འདི་ལྟར་བརྗོད་ཡོད་དེ། བོད་པའི་བུ་མོ་ཞིག་ཡིན་ན། གཤིས་རྒྱུད་འཇམ་པ། བསམ་པ་བཟང་བ། བྱམས་སེམས་ལྡན་པ། ལག་ལས་ཀ་ཡོད་པ། གོན་ཤེས་སྤྱོད་ཤེས་སོགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པས་ཆ་འདི་དག་རིང་དུ་དོར་མི་རུང་བའི་གཏམ་ནི་འདི་ལྟར། དར་སྐུད་འདྲ་བའི་འཇམ་རྒྱུད་དགོས། བལ་ཐིག་འདྲ་བའི་ལྷོད་ཤ་དགོས། རླུང་འཚུབ་མ་འདྲ་བའི་གཡུག་ལས་དགོས། དཀར་འོ་མ་འདྲ་བའི་སེམས་ཤིག་དགོས། ནང་ཁྱིམ་ཚང་ཀུན་ལ་བྱམས་བརྩེ་བྱོས། ཁ་ཟས་ཟ་འཐུང་མགྱོགས་མོ་བྱོས། ལག་ལས་ཀའི་བར་ནས་བྲེལ་མོ་བྱོས། འགྲོ་གོམ་པའི་བར་ནས་ཡང་མོ་བྱོས། ཟས་ཟ་མ་ཟ་ཤེས་བཀོལ་ཤེས་བྱོས། གོས་འབྲུག་མ་གོན་ཤེས་འཕུད་ཤེས་བྱོས་ཞེས་གསུང་ཡོད་པས་དཔེ་མཚོན་ལྡན་པའི་སྐད་ཆ་འདི་དག་གིས་བོད་རིགས་བུད་མེད་རྣམས་མཚོན་ཐུབ་པར་མ་ཟད། བླང་དོར་གྱི་གནས་ལ་ཡང་འཇུག་བདེ་བར་བྱས་ཡོད།
དྲུག མཐའ་མའི་སྨོན་ལམ།
     རྒན་པོ་གནའ་རྒྱལ་ཚེ་ལོས་རང་ཉིད་མི་འདོད་རྒུད་པའི་གཡང་དུ་ལྷུང་བའི་རྒྱུ་ལ་བསམ་གཞིག་རེ་བྱས་ན། འདི་ལ་རྒྱུ་རྐྱེན་མང་པོ་ཡོད་དེ། གཅིག་ནི་སྐྱེ་བ་སྔོན་མའི་ཚོགས་བསགས་མ་བཟང་བའི་དབང་གིས་དུས་ད་ལྟ་རང་སྟེང་ལ་འདི་ལྟ་བུའི་འབྲས་བུ་སྨིན་པར་འདོད་པས། རྗེ་རབས་པར་འདི་ལྟ་བུའི་ཆགས་འཇིག་མི་འབྱུང་ཆེད་དགེ་བ་མང་དུ་བྱ་དགོས་པའི་སྐུལ་མ་གནང་བ་རེད། གཉིས་ནས་རང་ཉིད་ཆུང་གཞོན་པའི་དུས་སུ་ལས་ལ་མ་འབད་པས་རྒྱུ་འབྱོར་བ་སོགས་ཉམས་པའི་དོན་རྐྱེན་འདི་འདྲ་བྱུང་བས། གཞོན་པའི་དུས་སུ་འབད་དགོས་པའི་སློབ་གསོ་གནང་ཡོད། གསུམ་ནས་རྒ་བའི་སྡུག་བསྔལ་དང་ཁྱིམ་ཉེ་རིང་གིས་དོར་བའི་སྡུག་བསྔལ་དུས་གཅིག་ཏུ་བྱུང་བས། ན་གཞོན་པའི་དུས་ཀྱི་བདེ་སྐྱིད་དྲན་ཏེ་རྗེ་རབས་རྣམས་ལ་སྐྱིད་ཀྱི་དུས་རྟོགས་དགོས་པ་དང་གཅེས་འཛིན་དགོས་པའི་སློབ་གསོ་གནང་། མཐར་འབྱུང་འགྱུར་དང་ལས་འབྲས་སོགས་སྙོན་དུ་མི་རུང་བའི་ཁ་ཏ་སློབ་གསོ་དང་ཁྱིམ་ཚང་ལ་འགྲིག་མཐུན་དགོས་པའི་སློབ་གསོ་ནན་གྱིས་བྱས་ནས་ཁྱིམ་ཚང་ནི་ཡོད་ཚད་ཀྱི་གཞི་མ་ཡིན་པར་གསུངས་ཡོད་དོ། །

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...