སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཀུན་སྤྱོད་སློབ་གསོ་ནི་དགེ་རྒན་གྱི་བྱ་བ་གཙོ་བོ་ཞིག་ཡིན།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-9-29 14:15:00 རྩོམ་ཁུངས། མདོ་ལྷོ་དྲ་བ། ཀློག་གྲངས།
     ང་ཚོ་གཞི་རིམ་གྱི་དགེ་རྒན་མི་ཉུང་བ་ཞིག་ལ་འདི་འདྲའི་ངན་ཤུགས་ཀྱི་སྐྱོན་ཆ་ཞིག་ཡོད་དེ། རང་གི་བྱ་བ་ནི་སློབ་མར་ཤེས་བྱ་ཁྲིད་རྒྱུ་དེ་ཁོ་ནར་ངོས་བཟུང་ནས་རྒྱུན་དུ་ཤེས་བྱ་ཁྲིད་པ་ལས་ཀུན་སྤྱོད་སློབ་གསོར་དེ་འདྲའི་དོ་སྣང་མི་བྱེད་པ་རེད།  སློབ་འབྲིང་དང་སློབ་ཆུང་གི་སྐབས་ནི་བྱིས་པ་ནར་སོན་པའི་དུས་སྐབས་ཡིན་པས་བྱིས་པ་ནར་སོན་པའི་དུས་སྐབས་ནི་ཧ་ཅང་རྙོག་འཛིང་ལྡན་པ་ཞིག་ཡིན། གཙོ་བོ་ནང་སེམས་ཀྱི་འགྱུར་ལྡོག་དང་ཕྱིའི་ཀུན་སྤྱོད་ཀྱི་འགྱུར་བ་གཉིས་རེད།  བྱིས་པ་ལ་ལ་ཞིག་གི་བསམ་སྤྱོད་ནི་ན་ཚོད་དར་བ་དང་མཉམ་དུ་བཟང་ཕྱོགས་སུ་གོང་འཕེལ་ཡོང་བ་དང་།  བྱིས་པ་ལ་ལ་ཞིག་གི་བསམ་སྤྱོད་ནི་ན་ཚོད་དར་བ་དང་མཉམ་དུ་མིས་བཤད་དཀའ་བའི་སྣ་མང་རྙོག་འཛིང་ཅན་དུ་འགྱུར་བ་ང་ཚོའི་མིག་ཐོག་ལག་ཟིན་དུ་མངོན་བཞིན་ཡོད། དེར་བརྟེན་ཀུན་སྤྱོད་སློབ་གསོ་ནི་དགེ་རྒན་གྱི་བྱ་བ་གཙོ་བོ་ཞིག་ཡིན།
     བྱིས་པ་ནར་སོན་པའི་རྙོག་འཛིང་གི་གོ་རིམ་ཁྲོད་ཀུན་སྤྱོད་སློབ་གསོ་ངེས་པར་དུ་གཙོ་གནད་དུ་འཛིན་དགོས། དཔེར་ན།  བྱིས་པ་ལ་ལ་ཞིག་བྲོས་བྱོལ་དུ་ཕྱིན་ནས་ཕ་མ་དང་ཡུལ་མིའི་སེམས་ཁམས་དཀྲུགས་པ་དང་།  ལ་ལ་ཞིག་གིས་ཕ་མ་དང་དགེ་རྒན།  ལས་བཟོ་བ་སོགས་ཀྱི་ཁར་མི་ཉན་པར་ཕྱིར་ཚིག་ལོག་རྒྱག་པ་དང་ངོ་ཡ་བྱས་ནས་ཕ་མ་དགྲ་ལྟར་འཛིན་པ། ལ་ལས་སྐོར་ཚོགས་བསྒྲིགས་ནས་གཞན་གྱི་དངོས་པོ་དང་རྒྱུ་ནོར་སོགས་རྐུ་འཕྲོག་གི་ལས་སུ་ཞུགས་ཏེ་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་སུ་འཇུག་པ་སོགས་བྱུང་དང་འབྱུང་བཞིན་པ་ནི་ཁྲ་ཆུང་མིག་གི་ལམ་ན་མངོན་སུམ་དུ་གསལ་བ་དང་ཐོས་འཛིན་རྣ་བའི་བུ་གར་ཡང་ཡང་དུ་གོ་བས་འདིར་གསལ་བཤད་དང་རྒྱས་བཤད་བྱེད་མི་དགོས།  འདི་འདྲའི་ཡ་ང་ཞིང་ཡིད་ལ་བསམ་དཀའ་བའི་བྱ་ངན་འདི་དག་ཇི་ལྟར་བྱུང་བ་རེད་ཟེར་ན་གཙོ་ཆེ་བ་ནི་ང་ཚོས་ཀུན་སྤྱོད་སློབ་གསོ་གཙོ་གནད་དུ་མ་བཟུང་བ་ལས་བྱུང་བ་རེད།  མི་གཞི་གསོ་སྐྱོང་བྱེད་པ་ལ་ཤེས་རིག་ཡོད་པ་ཁོ་ནས་མི་ཆོག་པར་ཀུན་སྤྱོད་སློབ་གསོའང་གཙིགས་སུ་འཛིན་དགོས།  སྔོན་གྱི་མཁས་གྲུབ་རིམ་བྱོན་རྣམས་ཀྱིས་སློབ་མ་བསྐྱངས་བའི་ཚེ་ཀུན་སྤྱོད་ལ་བརྟག་པ་གཙོ་བོར་འཛིན་ངེས་རེད།  དཔེར་ན་དཔལ་ལྡན་ཨ་ཏི་ཤས་སློབ་མ་ལ་བརྟག་ཚུལ་དང་རྗེ་སྒྲ་སྒྱུར་མར་བས་སློབ་མ་ལ་བརྟག་ཚུལ། རྒྱའི་ཁུང་ཙི་ལགས་ཀྱིས་སློབ་མར་བརྟག་ཚུལ་ལས་ཀྱང་ཤེས་ལ། ཤིང་གི་བསྟན་བཅོས་ལས་ཀྱང་།“ཀླད་ཆུང་རང་བཞིན་ངན་པ་ལ།།  ཡོན་ཏན་ཡོད་ཀྱང་ཕན་མི་ཐོགས།།  རྩ་བ་དུག་ཏུ་གནས་པ་ཡི།།  མེ་ཏོག་མཛེས་ཀྱང་སུ་ལ་མཁོ།།”ཞེས་པ་ལས་ཀུན་སྤྱོད་ལེགས་པོ་མིན་ན་ཡོན་ཏན་ཡོད་ཀྱང་མི་རྣམས་ལ་ཕན་མི་ཐོགས་པ་བརྗོད་པ་སོགས་ལས་ཀྱང་ཀུན་སྤྱོད་སློབ་གསོ་གཙོ་བོ་ཡིན་པ་བརྗོད་ཡོད།
     དེར་བརྟེན་ང་ཚོ་དགེ་རྒན་རྣམས་ཀྱིས་ནམ་རྒྱུན་གྱི་སློབ་ཁྲིད་ཁྲོད་དུ་ཀུན་སྤྱོད་སློབ་གསོ་དེ་ཕལ་བར་མི་འཇོག་པར་མེ་ཏོག་ལ་ཆུ་བྲན་པ་ལྟར་རྒྱུན་དུ་སློབ་གསོ་བཏང་ན་མི་ངན་པ་ཞིག་ཡིན་ཡང་བཟང་བོར་འགྱུར་ངེས་ཏེ།  ཁ་དཔེ་ལ་མི་ལ་བཅའ་ནི་དགོས།  ཤིང་ལ་གཞོགས་ནི་དགོས་ཞེས་པ་ལྟར་བྱིས་པ་ལ་རྒྱུན་དུ་སློབ་གསོ་བཏང་ན་བྱིས་པ་མ་རབས་རྣམས་ཀྱང་ཡ་རབས་ཤིག་ཏུ་འགྱུར་བ་ཐེ་ཚོམ་མེད་དོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...