སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སེར་བ་ནི་ཇི་ལྟར་བྱས་ཏེ་གྲུབ་པ་ཡིན་ནམ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-5 10:02:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     གལ་ཏེ་ཁྱེད་ཀྱིས་སེར་བ་ཞིག་སྒྲུག་སྟེ་ཕྱེད་ཀར་བཏང་ནས་བལྟས་ཚེ་སེར་བའི་སྙིང་ནི་དཀར་ལ་དྭངས་གསལ་མིན་པའི་གངས་རིལ་ལས་གྲུབ་པ་ཞིག་ཡིན་པ་དང་སེར་བའི་ཕྱི་ནི་ཕྱི་གསལ་གནང་གསལ་གྱི་རིམ་པ་གཅིག་དང་། དྭངས་གསལ་མིན་པའི་རིམ་པ་གཉིས་ཀྱིས་བཏུམས་པའི་འཁྱགས་རིམ་ཞིག་ཡིན་པ་མཐོང་ཐུབ་ཅིང་། སྤྱིར་བཏང་བྱས་ན་རིམ་པ་བཞི་དང་ཡང་ན་དེ་ལས་རིམ་པ་ཅུང་མང་བ་ཡོད་པ་དང་བརྟག་དཔྱད་ཚད་འཇལ་བྱས་ཏེ་མང་ཤོས་ལ་རིམ་པ་དགུ་ཡོད་པ་ཤེས་རྟོགས་བྱུང་། སྣང་ཚུལ་དེ་སེར་བའི་གྲུབ་རིམ་སྐབས་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད།
སེར་བའི་བྱུང་ཚུལ།
      སེར་ལྡན་སྤྲིན་པའི་ནང་དུ་འཁྱག་ཟིལ་དང་ཆུ་ཐིགས་འབོར་ཆེན་ཡོད་ཅིང་འགུལ་བསྐྱོད་བྱེད་པའི་བརྒྱུད་རིམ་ནང་དུ་འཁྱགས་ཐེབས་ནས་གངས་རིལ་ཆགས་པ་དེ་ནི་སེར་བའི་སྦྲུམ་རྟེན་ལྟ་བུ་རེད། སེར་བའི་སྦྲུམ་རྟེན་དེ་སྤྲིན་ནང་གི་ཤུགས་དྲག་ཆེ་བའི་མཐོ་རྒྱུག་རླུང་རྒྱུན་དང་མར་འབབ་པའི་རླུང་རྒྱུན་མཉམ་དུ་གོང་འོག་ཕན་ཚུན་འགུལ་བསྐྱོད་བྱེད་ཀྱི་ཡོད།  གཤམ་གྱི་དྲོད་ཚད་ཅུང་མཐོ་བའི་ས་ཁོངས་སུ་སླེབས་དུས་སྤྲིན་པའི་ནང་གི་ཆུ་ཐིགས་དེ་རྣམས་སེར་བིའ་སྦྲུམ་རྟེན་གྱི་མཐའ་འཁོར་དུ་ཆུ་སྐྱེལ་ཆགས་པ་དང་། མཐོ་རྒྱུག་རླུང་རྒྱུན་དང་འཕྲད་དུས་དྲོད་ཚད0℃ལས་དམའ་བའི་ས་ཁོངས་སུ་འཁྱེར་ཏེ་ཆུ་སྐྱིལ་ལ་འཁྱགས་ཐེབས་ནས་ཕྱི་གསལ་ནང་གསལ་གྱི་འཁྱག་ཤུན་ཞིག་ཏུ་འགྱུར་གྱི་ཡོད། གལ་ཏེ་མཐོ་རྒྱུག་རླུང་རྒྱུན་ཤུགས་ཆེན་ཡོད་ཚེ་སེར་ལྡན་སྤྲིན་པའི་མཐོ་སར་འཁྱེར་བའི་ཁ་བའི་འདབ་མ་དང་།  འཁྱག་ཟིལ་མང་པོ་ཕན་ཚུན་འབྱར་སྲིད་པ་དང་། སྤྲིན་པའི་སྒང་ལ་དྲོད་ཚད་ཧ་ཅང་དམའ་བ་ཡོད་སྟབས་ཁ་བའི་འདབ་མ་དང་། འཁྱག་ཟིལ་རྣམས་ལམ་སེང་འཁྱགས་ཐེབས་པ་དང་དེའི་ནང་དུ་མཁའ་རླུང་མང་པོ་ཚུད་ཡོད་པ་ལས་དྭངས་མིན་པའི་འཁྱག་ཤུན་ཆགས་ཀྱི་ཡོད། སེར་བའི་སྦྲུམ་རྟེན་དེས་ཡང་ནས་ཡང་དུ་གོང་འོག་འགུལ་བསྐྱོད་བྱས་པ་བརྟེན་རིམ་པ་གཅིག་གིས་རིམ་པ་གཞན་གཅིག་བཏུམས་པའི་དྭངས་མ་དང་ཕྱི་གསལ་ནང་གསལ་མིན་པའི་འཁྱག་ཤུན་ཆགས་ཤིང་བོང་ཚད་རིམ་བཞིན་ཆེ་རུ་སོང་སྟེ་སྤྲིན་པའི་ནང་གི་མཐོ་རྒྱུག་རླུང་རྒྱུན་གྱིས་མ་ཁྱོག་པའི་སྐབས་སུ་གནམ་ནས་ཟགས་ཏེ་ས་ངོས་སུ་སླེབས་དུས་སེར་བ་ཆགས་ཀྱི་ཡོད།
སེར་བ་འཁོར་དུས་ཀྱི་རྣམ་པ།
     སེར་བ་འཁོར་དུས་ཤུགས་དྲག་ཆེན་པོ་ཡོད་པ་དང་། སེར་ལྡན་སྤྲིན་པའི་མཐིལ་ནག་པོ་འགྱུར་ཞིང་སྤྲིན་པའི་རྩེ་དཀར་པོ་མངོན་པ། སྤྲིན་པའི་གསེབ་ནས་དམར་མདངས་རྒྱས་པ། སྤྲིན་པའི་མཐའ་ནས་ས་མདོག་བཅས་མངོན་གྱི་ཡོད། སྤྲིན་ཚོམ་ལང་ལོང་འཕྱུར་ཞིང་མྱུར་ཚད་མགྱོགས་པོས་གནམ་གྱི་མཐའ་ནས་བཀབ་ཡོང་གི་ཡོད། སེར་ལྡན་སྤྲིན་པའི་ཁྲོད་ཀྱི་གློག་འཁྱུག་ཐོག་རྒྱག་དེ་ཧ་ལམ་དམིགས་བསལ་ཅན་ཞིག་ཡིན་པ་དང་། སྤྲིན་པའི་ནང་གི་གངས་རིལ་དང་སེར་བ་གཉིས་ལང་ལོང་འཕྱུར་བའི་བརྒྱུད་རིམ་ནང་མཁའ་རླུང་དང་དབུར་བརྡར་བྱས་པའི་རྐྱེན་གྱིས་གློག་འཁྱུག་ཐོག་རྒྱག་གི་སྒྲ་དེ་རང་འཐག་བསྐོར་བའི་སྒྲ་དང་གཅིག་པ་ཡིན་ཞིང་སྒྲའི་སྣར་ཚད་ཡང་རིང་པོ་ཡོད། སེར་ལྡན་སྤྲིན་པའི་ནང་གནས་མི་འདྲ་བའི་དབར་ལ་གློག་འཁྱུག་གི་ཡོད་པས་ཕྲེད་རྒྱུག་གློག་འཁྱུག་པའི་གནས་ཚུལ་ཧ་ཅང་མང་། དེར་བརྟེན་ལང་ལོང་དུ་འཕྱུར་བའི་སྤྲིན་པ་དང་དལ་ལྡིར་འབྲུག་སྐད་ཕྲེད་རྒྱུག་གློག་དམར་བཅས་མཐོང་དུས་སེར་ལྡན་སྤྲིན་པ་ཡིན་པ་ཤེས་ཐུབ་ཅིང་དེ་ནི་སེར་ལྡན་སྤྲིན་པ་ངོས་འཛིན་བྱེད་པའི་ཐབས་ཤེས་ཡག་པོ་ཞིག་ཡིན།
 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...