སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་མི་རིགས་སློབ་ཆེན་རྩིས་འཁོར་སློབ་གླིང་གིས་དྲ་སྦྲེལ་བོད་འགྱིག་མཛད་སྒོ་བསྡུས།
རྩོམ་པ་པོ། དབང་རྒྱལ་ཚེ་རིང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-7-2 10:35:00 རྩོམ་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས།


མཚོ་སྔོན་མི་རིགས་སློབ་ཆེན་རྩིས་འཁོར་སློབ་གླིང་གིས་དྲ་སྦྲེལ་བོད་འགྱིག་མཛད་སྒོ་དང་དྲ་ཐོག་བོད་འགྱིག་འགྲན་སྡུར་བསྡུས།

     སྤྱི་ཟླ6པའི་ཚེས29ཉིན་གྱི་ཕྱི་དྲོའི་དུས་ཚོད2:30སྟེང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྩིས་འཁོར་སློབ་གླིང་གིས་གཙོ་སྒྲུབ་གནང་ཞིང་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་དང་མཉེན་ཆས་ཞིབ་འཇུག་ལྟེ་གནས་གཉིས་ཀྱིས་འགན་སྒྲུབ་གསར་སྤེལ་བྱས་པའི་དྲ་སྦྲེལ་བོད་འགྱིག་མཛད་སྒོ་དང་དྲ་ཐོག་བོད་འགྱིག་འགྲན་སྡུར་དེ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་ཁུལ་ལྷོ་མའི་རྩིས་ཚན་ཐོག་ཁང་ནས་བསྡུས།
     སྤྱིར་འགྱིག་ནི་མི་དམངས་མང་ཚོགས་ཀྱིས་གནའ་སྔ་མོའི་ཐོན་སྐྱེད་འཚོ་བའི་ཁྲོད་དུ་བསམ་བློའི་ནུས་རྩལ་ལ་བརྟེན་ནས་གསར་སྐྲུན་བྱས་པ་ཡིན་ལ། ལྷག་པར་དུ་དུས་ཡུན་རིང་བའི་དམག་འཁྲུག་གི་རྒྱལ་ཕམ་དང༌། སྤྱི་ཚོགས་འཕེལ་འགྱུར་གྱི་གོ་རིམ་སོགས་བརྒྱུད་ནས་འཐུས་ཚང་དུ་གྱུར་བ་ཞིག་ཡིན་པས་འགྱིག་ལ་རྣམ་གྲངས་ཧ་ཅང་མང༌པོ་ཡོད། དེ་བཞིན་དུ་བོད་འགྱིག་ལ་མཚོན་ནའང་རྒྱལ་འགྱིག་དང༌། བཙིར་འགྱིག དགུ་འགྱིག སྒམ་འགྱིག(དྲུག་འགྱིག བདུན་འགྱིག འགྱིག་ཏ་ལེན)སོགས་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འགྱིག་སྣ་ཕུན་སུམ་ཚོགས་པ་ཞིག་ཡོད།

     དྲ་རྒྱའི་རིག་གནས་སྔོག་འདོན་དང་དྲ་རྒྱའི་རོལ་རྩེད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཆེད་ལས་ཀྱི་ཤེས་བྱ་སྣ་མང་དགོས་ངེས་ཀྱིས་རྒྱ་བསྐྱེད་ཆེད། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་རྣམ་རྒྱལ་ཚེ་རིང་གིས་སྣེ་ཁྲིད་བྱས་ཤིང་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་དང་མཉེན་ཆས་ཞིབ་འཇུག་ལྟེ་གནས་ཀྱི་སློབ་གྲོགས་ཚོས་འབད་པ་ལྷུར་ལེན་བགྱིས་ཏེ་ད་སྔ་དྲ་སྦྲེལ་བོད་འགྱིག་གི་ཁྲོད་ནས་བཙིར་འགྱིག་དང་སྒམ་འགྱིག་གི་འདེད་ཚུལ་གཉིས་ཕལ་ཆེར་ལེགས་འགྲུབ་བྱུང་སྟེ་ཚོད་ལྟའི་ལས་རིམ་དུ་སླེབས་ཡོད།
     སྤྱིར་དམངས་སྲོལ་རོལ་རྩེད་ལས་བཙིར་འགྱིག་དང་སྒམ་འགྱིག་གི་ཁྱབ་ཁོངས་ནི་རོང་འབྲོག་ས་ཁུལ་ཀུན་ལ་ཁྱབ་ཅིང་། རྒན་དར་གཞོན་གསུམ་ཀུན་གྱི་འཚོ་བའི་ཁྲོད་ནས་ཆེས་མེད་དུ་མི་རུང་བའི་རོལ་རྩེད་ཀྱི་རྣམ་པ་ཕུན་སུམ་ཚོགས་པ་ཞིག་ཡིན། འགྱིག་བ་སུ་ཡིན་རུང་རང་ཉིད་ཀྱི་འདོད་མོས་ལྟར་འདེད་ཚུལ་ཡོད་ཀྱང་། རྒྱུན་དུ་ངག་འཆད་མཐོང་ཐོས་ཡོད་པ་ནི་གཙོ་བོ་ལྔ་འགྱིག་གི་བཙིར་འགྱིག་དང་། བདུན་འགྱིག་གི་བཙིར་འགྱིག དགུ་འགྱིག་གི་བཙིར་འགྱིག སྒམ་འགྱིག་ལས་དྲུག་འགྱིག་དང་བདུན་འགྱིག་གི་འདེད་ཚུལ་འདི་དག་ས་ཆ་མང་ཤས་ན་རྒྱུན་འཇགས་སུ་གནས་ཡོད།

     སྤྱིར་བཏང་དུ་འགྱིག་རིས་གནས་ལ་རྩེ་དང༌། དཔུང་ཁ། དཔུང་བ། ཉག་སྟེང༌། ཉག་ཁ། མཐའ་བོའུ། གྲུ་བཞི་མའི་རྩེ་བཞི་ཁ་སྤྲོད་དུ་བསྣོལ་བའི་གསེག་ཐིག་དེ་ལ་དགུ་བོའུ། གྲུ་བཞི་མ་ཆུང་བའི་ནང་དུ་དྲང་ཐིག་གཉིས་བསྣོལ་ཡོད་པའི་གནས་ལ་སྐོང༌། གྲུ་བཞི་མ་ཅུང་ཆེ་བའི་ནང་དུ་དྲང་ཐིག་བཞི་གཞི་གཅིག་ལ་བསྣོལ་ཡོད་པའི་གནས་ལ་ཚིགས་མང་ཟེར། འགྱིག་རིས་ཀྱི་མཐའ་གཉིས་ནས་དྲང་ཐིག་འགྱིག་དཀྱིལ་ལ་རྩིས་ན་དྲང་ཐིག་ལྔ་བོ་ཡང་ན་ལྔ་འགྱིག་གི་དྲང་ཐིག་གསུམ་པོ་གཞི་གཅིག་ལ་བསྣོལ་བའི་གནས་ཚིགས་ཆེན་དེ་ལ་རྡེའུ་ལམ་ཟེར།
     སྔོན་ཆད་ལྟར་ན། འགྱིག་རིས་གང་ཡིན་རུང་ས་ཐོག་ལ་བྲིས་ནས་འདེད་ཚུལ་ལས་དྲ་སྦྲེལ་ཀྱི་རྣམ་པའི་སྒོ་ནས་འདེད་ཚུལ་ཕལ་ཆེར་མཐོང་རྒྱུ་མེད་ཀྱང་ད་ལྟ་ཡིན་ན་མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་དང་མཉེན་ཆས་ཞིབ་འཇུག་ལྟེ་གནས་ཀྱི་དགེ་སློབ་ཡོངས་ཀྱིས་དྲ་སྦྲེལ་བོད་འགྱིག་གི་ཚོད་ལྟའི་ལས་རིམ་ཞིག་དངོས་སུ་ལེགས་འགྲུབ་བྱུང་ཡོད་ལ་འདི་ནི་བོད་ཀྱི་དྲ་རྒྱའི་རིག་གནས་ཀྱི་སྐས་རིམ་གསར་བ་ཞིག་མངོན་པར་མཚོན་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...