སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གནམ་གཤིས་དང་ནམ་ཟླ་གནམ་རིག་བཅས་གཅིག་མཚུངས་ཡིན་ནམ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-7-30 10:52:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     རྒྱུན་དུ་ང་ཚོས་དེ་རིང་གནམ་གཤིས་དངོས་གནས་ཡག་པོ་འདུག་ཟེར་བའམ་ཡང་ན་དེ་རིང་གནམ་གཤིས་དངོས་གནས་གྲང་མོ་འདུག་ཅེས་ཤོད་རྒྱུར་དགའ་པོ་ཡོད། རླུང་འཕྲིན་གཏོང་བའམ་བརྙན་འཕྲིན་བལྟ་སྐབས་ཀྱང་གནམ་གཤིས་སྔོན་བརྡ་ཐོས་པའམ་མཐོང་གི་ཡོད། གལ་ཏེ་ང་ཚོ་ཕྱི་ཕྱོགས་སུ་གཞུང་དོན་སྒྲུབ་པར་འགྲོ་བའམ་མཚམས་འདྲི་དང་།  སྤྲོ་འཁྱམ། ལྟ་སྐོར། སློབ་སྦྱོང་བཅས་བྱེད་པར་འགྲོ་སྐབས་ཀྱང་དེ་གའི་གནམ་གཤིས་དང་ནམ་ཟླའི་སྐོར་ཤེས་རྟོགས་བྱ་རྒྱུའམ་སྐད་ཆ་འདྲི་དགོས་ཀྱི་ཡོད། སྐབས་འགར་འཚོ་བ་དང་ལས་ཀའི་དགོས་མཁོར་གཞིགས་ནས་མ་འོངས་ཉི་མ་ཁ་ཤས་སམ་སྐབས་གཅིག་རིང་གི་གནམ་གཤིས་གནས་ཚུལ་ཤེས་རྟོགས་བྱེད་དགོས་ཀྱི་ཡོད། ཁ་པར་རྒྱབ་ནས་སྐད་ཆ་འདྲི་བའམ་གནམ་གཤིས་ས་ཚུགས་སུ་སྐད་ཆ་དྲིས་རྗེས་ཁྱེད་ཀྱི་འཚོ་བ་དང་ལས་ཀར་དངོས་གནས་སྟབས་བདེ་ཡོང་གི་ཡོད། འོན་ཀྱང་གལ་ཏེ་གནམ་རིག་དང་གནམ་གཤིས། ནམ་ཟླ་བཅས་ཀྱི་གནད་ལ་ཁེལ་བའི་ནང་དོན་དང་། དེ་དག་དབར་མི་འདྲ་བ་གང་ཡོད་པའི་སྐོར་ཁྱེད་ལ་སྐད་ཆ་དྲིས་ན་གཅིག་བྱས་ན་ཁྱེད་ཧ་གོ་འདི་གོ་མེད་པ་ཡོང་གི་རེད། དོན་དངོས་ཐོག་དེ་དག་དབར་ཁྱད་པར་ཡོད་པ་ཞིག་ཡིན།
     གནམ་རིག་ཟེར་བ་ནི་རླུང་ཁམས་ཆེན་པོའི་ནང་གི་དངོས་ཁམས་སྣང་ཚུལ་ངོ་བོ་དང་སྣང་ཚུལ་དེ་རིགས་ཀྱི་རིམ་འགྱུར་ཆོས་ཉིད་ཡིན་པས་དེ་ནི་མིའི་རིགས་ལ་བདེ་སྐྱིད་སྐྲུན་པའི་ཚན་རིག་ཞིག་ཡིན། གོ་བདེའི་ཐོག་ནས་བཤད་ན་བར་སྣང་མཐོང་ལ་རླུང་དང་། སྤྲིན་པ། ཆར་པ། གངས།  བ་མོ། ཟིལ་པ། འཇའ། འཇའ་གུར། གློག་འཁྱུག་པ། ཐོག་རྒྱག་པ་སོགས་ཐོན་པའི་རླུང་ཁམས་ཆེན་པོའི་སྣང་ཚུལ་ཚང་མར་ཟེར།
     གནམ་གཤིས་ཟེར་བ་ནི་ས་ཁུལ་ཞིག་གི་གནམ་རིག་གི་གནད་ཆེའི་རྒྱུ་རྐྱེན་གཙོ་བོ་དཔེར་ན། གྲང་མོ་དང་། ཚ་པོ། རླུང་པོ། ཆར་པ་སོགས་ཀྱི་སྣང་ཚུལ་ཡུད་ཙམ་མམ་དུས་ཚོད་ཅུང་ཐུང་བའི་ནང་ཕྱོགས་བསྡུས་བྱས་ཏེ་མངོན་གྱི་ཡོད། དཔེར་ན་མི་རྣམས་ཀྱིས་རྒྱུན་དུ་དེ་རིང་གནམ་གཤིས་དངོས་གནས་ཡག་པོ་འདུག རླུང་པོ་འཇམ་ལ་ཉི་མ་དྲོ་པོ་འདུག ཁ་སང་དང་འདྲ་བར་རླུང་ཆེན་རྒྱག་གི་མི་འདུག་ཅེས་ཤོས་ཀྱི་ཡོད། མིའི་རིགས་ཀྱི་འགུལ་སྐྱོད་བྱེད་སའི་ཁྱབ་ཁོངས་དེ་དཀྱུས་ཞེང་དཔངས་གསུམ་གྱི་བར་སྟོང་རྒྱ་སྐྱེད་བྱུང་བས་གནམ་གཤིས་ཟེར་བའི་ཐ་སྙད་དེར་སྔར་བས་རྒྱ་ཁྱབ་ཆེ་བའི་གོ་དོན་ལྡན་ཡོད། དཔེར་ན་མཁའ་དབྱིངས་མཐོ་པོའི་འཁོར་སྐྱོད་དང་འཇིག་རྟེན་འཕུར་སྐྱོད་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་འཚམ་པོ་ཡོང་ཆེད་བར་སྣང་མཐོ་པོའི་དྲག་རྒྱུན་དང་སྙོམས་རྒྱུག་བང་རིམ་གྱི་ལྷིང་འཇགས་ཚད་གྲངས་ཀྱང་གནམ་གཤིས་ཀྱི་ཐ་སྙད་ནང་བཅུག་ཡོད།
     ནམ་ཟླ་ཟེར་བ་ནི་སའི་གོ་ལ་ཧྲིལ་བོའམ་ས་ཁུལ་གཅིག་གི་ལོ་མང་རིང་གི་ཆོས་ཉིད་ལྡན་པའི་གནམ་གཤིས་ཁྱད་ཆོས་མདོར་བསྡུར་བྱས་པ་ཞིག་ཡིན། གནམ་གཤིས་དང་ནམ་ཟླའི་ཁྱད་པར་ནི་གནམ་གཤིས་ཀྱིས་དུས་ཚོད་ཅུང་ཐུང་བ་མཚོན་པ་དང་།  ནམ་ཟླ་དུས་ཚོད་ཅུང་རིང་བ་མཚོན་གྱི་ཡོད། དེར་བརྟེན་ནམ་ཟླ་ནི་གནམ་གཤིས་འགྱུར་ལྡོག་འགྲོ་བའི་ཕུག་རྩ་ཡིན་པ་དང་། གནམ་གཤིས་ནི་ནམ་ཟླའི་ཕུག་རྩའི་སྟེང་གི་གཡོ་འགུལ་བྱེད་པོ་དེ་ཡིན། དཔེར་ན་རང་རྒྱལ་གྱི་ལྷོ་རྒྱ་མཚོའི་སྟེང་གི་གླིང་ཕྲན་མང་པོར་ཚ་ངད་ཆེ་བའི་དབྱར་ཁ་ཡོད་པ་ཕུད་ད་དུང་ཚ་བ་ཆེ་བའི་དཔྱིད་ཀ་དང་སྟོན་ཀ་དུས་ཚིགས་གཉིས་ཡོད། ཐ་ན་དགུན་དུས་ལ་ཡང་གྲང་ངར་ཆེན་པོའི་ཚོར་སྣང་མེད། ལོ་མང་པོར་སྔར་རྒྱུན་གཞིར་བཞག་གི་ནམ་ཟླའི་ཁྱད་ཆོས་དེར་ང་ཚོས་དུས་བཞིར་ཚ་དྲོད་ཆེ་བའི་ཚ་ཁུལ་ནམ་ཟླ་ཞེས་བརྗོད། ཡང་དཔེར་ན་འབྲི་ཆུ་རྒྱུག་ཁུལ་ས་ཆ་མང་ཆེ་བ་དབྱར་ཁ་ཚ་ངད་ཆེ་ལ། སྟོན་དཔྱིད་དྲོ་པོ་ཡོད་པ་དང་། དགུན་ཁ་གྲང་ངད་ཆེ་བས་ནམ་ཟླ་དེ་རིགས་ལ་ང་ཚོས་དུས་བཞི་དབྱེ་བ་གསལ་བའི་དྲོ་ཁུལ་ནམ་ཟླ་ཞེས་བརྗོད།
     ད་ལྟ་གནམ་རིག་དང་།  གནམ་གཤིས། ནམ་ཟླ་བཅས་ཐ་སྙད་དེ་དག་གཅིག་མཚུངས་མིན་པ་ཁྱེད་ཀྱིས་ཤེས་ཡོད། དེ་དག་སོ་སོ་མ་གཞི་གོ་དོན་འདྲ་གི་མེད་ན་ཡང་ཕན་ཚུན་འབྲེལ་བ་དམ་ཟབ་ལྡན་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...