སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་གནས་ཚུལ་བསྡུས་པ།
རྩོམ་པ་པོ། མཚོ་སྔོན་པོ་དྲ་བ། རྩོམ་སྒྲིག་པ། Lhamo དུས་ཚོད། 2011-1-9 9:25:31 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ

          མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་སྔོན་མིང་ནི་སྤྱི་ལོ1956ལོའི་ཟླ11པའི་ཚེས21ཉིན་བཙུགས་པའི་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་ཞེས་པ་དེ་ཡིན་ཞིང་། མཚོ་སྔོན་གྱི་ཡུལ་འདིར་འཛུགས་སྔ་བའི་འབྲིང་རིམ་མི་རིགས་དགེ་འོས་སློབ་གྲྭ་ཞིག་ཡིན།  འདས་པའི་བགྲང་བྱ་ལྔ་བཅུ་ལྷག་གི་རིང་ལ།  ཆེད་ལས་མི་སྣ་ཆིག་ཁྲི་ལྷག་གསོ་སྐྱོང་བྱས་པས་ཞིང་ཆེན་ཡོངས་ཀྱི་མི་རིགས་སློབ་གསོའི་ལས་དོན་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་བླ་ན་མེད་པའི་མཛད་རྗེས་བཞག་ཡོད་པས་མཚན་སྙན་བོད་ཁམས་སུ་ཁྱབ་པ་རེད།

 
          དེ་ཡང་རང་སྐྱོང་ཁུལ་དབུ་བརྙེས་པའི་ལོ་གསུམ་གྱི་རྗེས་ནས།  ཁུལ་མི་རིགས་དགེ་སློབ་ཅེས་མཚོ་ལྷོ་ཁུལ་གྱི་ཤེས་རིག་གི་སྡིངས་ཁ་འདི་ཉིད་འཁྲུངས།  གསར་གཏོད་མཁན་རྣམས་ཀྱིས་ཁང་མིག་ལྔ་མ་གཏོགས་མེད་པའི་ཐབས་ཆག་གི་ཁོར་ཡུག་ཁྲོད་དཀའ་ངལ་མང་པོ་མྱངས་ཤིང་།   ཏང་དང་མི་དམངས་ཀྱིས་བཅོལ་པའི་རེ་བ་ཕྲག་ཏུ་ཁུར་ནས།  སྒོ་སམ་དུ་དབུ་ཁྱུད་ཐོག་མར་བྲིས་ཏེ་ཀ་ཁའི་གདངས་དབྱངས་སྙན་མོ་གྱེར་འགོ་བརྩམས།

          བགྲང་བྱ50ལྷག་གི་རིང་སློབ་སྒྲུབ་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ཤིང་།  འབྲས་བུ་གཡུར་དུ་ཟ་བ་བླངས་ཡོད་དེ།  དགེ་ཐོན་སློབ་མ་དང་སློབ་ཆུང་གི་སློབ་གཙོ།  དགེ་རྒན་སོགས་བསྡོམས་པས་མི10112ལྷག་གསོ་སྐྱོང་བྱས་པ་དང་།  སློབ་མ3000ལྷག་མཐོ་རིམ་སློབ་གྲྭར་བསྐྱལ།  མཐོ་རྒྱུགས་ཀྱི་འབྲས་བུའང་ལོ་བསྟུད་མར་ཞིང་ཆེན་ཡོངས་ཀྱི་ཆེས་བཟང་གྲས་སུ་ཚུད་ཅིང་། སློབ་བུ་གང་མང་ཞིག་ད་ལྟ་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཀ་བ་དང་གདུང་མར་གྱུར་ཡོད་པ་དང་།  ཁོ་ཚོའི་ནང་ན་དགེ་རྒན་ཆེན་མོ་དང་མཐོ་རིམ་དགེ་རྒན།  ཁྱད་རིམ་དགེ་རྒན།  ཕྱི་འགྲིམ་སློབ་མ།  རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན།  གཞན་ད་དུང་རིམ་པ་སོ་སོའི་སྲིད་གཞུང་གི་འགོ་ཁྲིད་པའང་མང་དུ་ཡོད་ལ།  ལས་གནས་དང་པོ་ན་ཤ་ཐང་ཐང་གིས་འབད་པའི་དགེ་རྒན་བགྲང་གིས་མི་ལང་ངོ་།། 

          སློབ་གྲྭ་འདི་ཉིད་གོང་རིམ་འགོ་ཁྲིད་དང་སྤྱི་ཚོགས་ཡོངས་ཀྱིས་བསྟོད་པའི་མེ་ཏོག་ཡང་ཡང་གཏོར་མྱོང་སྟེ།  སྔ་ཕྱིར“མཚོ་སྔོན་གྱི་དཔལ་ཡོན་ལས་ཁུངས”སོགས་རྒྱལ་ཁབ་རིམ་པའི་རྟགས་མ9དང་ཞིང་ཆེན་རིམ་པའི་རྟགས་མ17ཁུལ་རིམ་པའི་རྟགས་མ33བཅས་ཐུན་མོང་གི་བྱ་དགའ་གང་མང་ཐོབ་མྱོང་། འདས་པའི་ལོ་ངོ་ལྔ་བཅུའི་ནང་ང་ཚོས་སྙིང་ཁོངས་ནས་བརྗེད་མི་ཐུབ་ཅིང་བཀའ་དྲིན་ཞུ་འོས་པ་ནི།  རིམ་པ་སོ་སོའི་དབུ་ཁྲིད་ཀྱི་གཟིགས་སྐྱོང་ཚད་མེད་གནང་བ་དེ་ཡིན་ཏེ།  ཀྲུང་དབྱང་ཧྲུའུ་ཅི་བློ་མཐུན་ཧུའུ་ཅིན་ཐའོ་དང་ཀུན་གཟིགས་པཎ་ཆེན་བཅུ་པ་མཆོག་སོགས་དང་།  གཞན་ཞིང་ཆེན་དང་ཁུལ་རིམ་པའི་དབུ་ཁྲིད་རྣམ་པ་ཕེབས་ནས་བྱ་བར་གཟིགས་ཞིབ་མཛུབ་སྟོན་གནང་མྱོང་བས།  ད་ལྟའི་གྲུབ་འབྲས་ཐམས་ཅད་དབུ་ཁྲིད་རྣམས་ཀྱི་གཟིགས་སྐྱོང་དང་འབྲལ་ཐབས་མེད།

          ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སྒྲིག་གཞི་བཅོས་བསྒྱུར་གྱི་འཆར་འགོད་ལྟར།  སྤྱི་ལོ2004ལོར་སྔར་གྱི་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་དང་ཁུལ་བོད་ཡིག་སློབ་འབྲིང་གཉིས་མཉམ་བསྲེས་བྱས་ནས་མཚོ་ལྷོ་ཁུལ་མི་རིགས་སློབ་འབྲིང་ཞེས་མིང་གསར་དུ་བཏགས་ཤིང་།  དེིའི་རྗེས་ཡང་སློབ་གསོའི་སྒྲིག་གཞི་ལེགས་བཅོས་བྱས་པ་བརྒྱུད་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོ་ཞེས་བསྒྱུར་བ་རེད། 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...