སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རེ་བའི་མྱུ་གུའི་གསབ་སྦྱོང་འཛིན་གྲྭ་ཞིག་ཁྲི་ཀ་སྟག་རིག་སྡེ་བར་བསྡུས།
རྩོམ་པ་པོ། སྟག་རིག་འབྲུག་ཐར། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-2-15 9:01:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

ཁྲི་ཀ་སྟག་རིག་སྡེ་བར་
རེ་བའི་མྱུ་གུའི་གསབ་སྦྱོང་འཛིན་གྲྭ་ཞིག་ཁྲི་ཀ་སྟག་རིག་སྡེ་བར་བསྡུས།

     ཐིས་བ་དགོན་པའི་གྲྭ་བཙུན་དཀོན་མཆོག་གིས་སྒོར་མོའི་མ་དངུལ་བཏང་ཞིང་། སློབ་ཆེན་པ་རེ་འགས་གླ་རིན་སྐར་གང་ཡང་མ་བླངས་པར་ཁྲི་ཀ་འཕྲང་དམར་ས་ཆའི་རྒྱ་ཡིག་གི་ཆུ་ཚད་ཞན་པ་གཞི་བཅོལ་ཏེ་སློབ་གྲྭའི་དགུན་གནང་གི་སྐབས་སུ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་སྟག་རིག་སློབ་ཆུང་དུ་རེ་བའི་མྱུ་གུ་ཞེས་པའི་གསབ་སྦྱོང་འཛིན་གྲྭ་ཞིག་བསྡུས།
     ཐེངས་འདིའི་འཛིན་གྲྭར་སྡེ་བ་དེ་གའི་སློབ་ཆུང་ལོ་རིམ་དང་པོ་ནས་དྲུག་པའི་བར་གྱི་སློབ་མ50ལྷག་སྐོར་ཁག་གཉིས་སུ་བགར་ཏེ་རྒྱ་ཡིག་དང་བོད་ཡིག་གི་གསབ་ཁྲིད་བྱས། ཉིན་རེའི་ནངས་མོའི་དུས་ཚོད9:00ནས་ཕྱི་དྲོའི་དུས་ཚོད4:00བར་དུ་སློབ་ཐུན་བཀོད་སྒྲིག་སྒོས་བསྟུད་མར་ཉིན15ལ་སློབ་ཁྲིད་བགྱིས། སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དུ་ལོ་རིམ་དང་པོ་དང་གཉིས་པ།  གསུམ་པ་བཅས་ཀྱི་སྐོར་ཁག་དང་པོར་བོད་ཡིག་དང་རྒྱ་ཡིག་གི་རྨང་གཞིའི་ཕྱོགས་ཀྱི་ཤེས་བྱ་དག་བསླབ་དེབ་ལ་གཞི་བཅོལ་ཏེ་སློབ་ཁྲིད་བྱས་པ་མ་ཟད་སློབ་མ་ཚོའི་ཤེས་ཚད་དང་བསྟུན་ནས་གོ་དཀའ་བའི་གནད་རྣམས་དམིགས་སུ་བཟུང་སྟེ་གསབ་ཁྲིད་བྱས།  ལོ་རིམ་བཞི་བ་དང་ལྔ་བ།  དྲུག་པ་བཅས་ཀྱི་སྐོར་ཁག་གཉིས་པར་ཡང་བོད་ཡིག་དང་རྒྱ་ཡིག་གི་རྨང་གཞིའི་སྐོར་བསླབ་དེབ་ལ་གཞི་བཅོལ་ཏེ་གཙོ་གནད་དང་དཀའ་གནད་དག་དཀྱུས་སུ་བསྡུས་ནས་གསབ་ཁྲིད་གནང་བ་རེད།

     སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་དུ། ནངས་མོའི་དུས་ཚོད9:00ནས10:00བར་དུ་སློབ་མ་དག་སློབ་གྲྭའི་ར་སྐོར་ནས་གྲལ་ཤར་ལེགས་པོ་བསྒྲིགས་སུ་བཅུག་སྟེ་བོད་ཡིག་གི《སུམ་ཅུ་བ》དང་། 《ལེགས་བཤད་ལྗོན་དབང》《ས་སྐྱ་ལེགས་བཤད》དང་། རྒྱ་ཡིག་གི་གནའ་བོའི་སྙན་ངག་ཚིག་གསུམ་ཅན་སོགས་ཀློག་འདོན་བྱེད་དུ་བཅུག་སྟེ་བློ་འཛིན་གྱི་ནུས་པ་ཇེ་བཟང་དུ་བཏང་ལ། སློབ་ཁྲིད་ཀྱི་བར་གསེང་དུའང་དགེ་སློབ་ཡོངས་མཉམ་གཅིག་ཏུ་འཛོམས་ནས་གནའ་གཏམ་དང་གབ་ཚིག ར་མ་དང་སྤྱང་ཀི ཐེ་པོད། བདའ་རེས་དང་བཞའ་རེས་སོགས་ཀྱི་རྩེད་འཇོར་རོལ། ལྷག་པར་སློབ་ཁྲིད་མ་བྱས་གོང་དུ་དགེ་རྒན་ཚོས་ཆེ་བ་བརྩི་བཀུར་དང་ཆུང་བ་བྱམས་སྐྱོང་གི་བོད་པའི་གུས་ལུགས། མི་གཤིས་ལེགས་བསྒྱུར་དང་རིག་གནས་སློབ་པའི་དགོས་མཁོ་རང་བཞིན་དང་ཆུང་དུས་སུ་བོད་ཀྱི་རིག་གནས་ལ་དགའ་ཞེན་བསྐྱེད་པའི་འདུ་ཤེས་སྐྱེད་སྲིང་གི་ཤེས་བྱ་ཁ་བཏོན་ལྟར་རྒྱུན་པར་སློབ་མ་ཚོའི་སེམས་ཁོང་དུ་བག་ཆགས་ལེགས་པོ་བཞག
     མིག་རྡེབ་དབང་ཙམ་གྱིས་ཉིན་བཅོ་ལྔའི་དུས་ཚོད་ཧ་ཅང་ཐུང་ན་ཡང་། སློབ་མ་ཚོའི་མ་འོངས་ཕུགས་བསམ་གྱི་ཆེད་དུ་གླ་རིན་སྐར་གང་ཡང་མ་བླངས་པའི་དཀར་སེམས་དགེ་བའི་ཕྱུག་པའི་སློབ་ཆེན་པ་འདི་དག་གིས་སློབ་ཁྲིད་ཟིན་བྲིས་བཏབ་ཅིང་ལས་བྱར་གཟབ་ནན་གྱིས་བལྟས་པ་མ་ཟད། གསབ་སྦྱོང་སྤྱི་སྡོམ་གྱི་ཚུལ་དུ་རྒྱུགས་གཞི་བཅོས་ཏེ་རྒྱུགས་བླངས་ཤིང་སྦྱིན་བདག་གྲྭ་བཙུན་དཀོན་མཆོག་དང་སྡེ་བའི་སྡེ་དཔོན། རྩ་འཛུགས་མི་སྣ་སོགས་ཀྱིས་སྤྱི་སྡོམ་གྱི་ཚུལ་དུ་གསབ་སྦྱོང་འཛིན་གྲྭ་སྒྲུབ་པའི་དམིགས་ཡུལ་དང་རྗེས་མུར་ཡང་རྒྱུན་སྐྱོང་བྱ་དགོས་པའི་རེ་བ། འབྱུང་འགྱུར་རིག་གནས་ཤེས་བྱ་ལ་བསླབ་པ་དོན་དུ་གཉེར་བའི་སྐུལ་ལྕག་གི་གཏམ་གལ་ཆེན་གསུངས་ཤིང་རྒྱུགས་སྐར་ལེགས་པོའི་སློབ་མ་ལ་གཟེངས་རྟགས་བྱ་དགའ་གནང་བར་ཁྱིམ་བདག་རྣམས་ཀྱིས་དགའ་བསུའི་ཐལ་མོ་རྡེབ་ཅིང་ཡི་རངས་གོང་བཀུར་གྱི་མཆོད་པའི་བསྔགས་པ་བརྗོད།
     རེབ་འདིའི་གསབ་ཁྲིད་བརྒྱུད་སློབ་མ་སོ་སོའི་མི་གཞི་ལེགས་བསྒྱུར་དང་ཤེས་བྱའི་ཡོན་ཚད་ཆུ་ལ་ཆུ་བཞག་གི་ཚུལ་དུ་འཕེལ་རྒྱས་སུ་སོང་བའི་མི་ཚད་སློབ་སྐབས་རྗེས་མར་འཇུག་བདེ་བའི་གསེར་ཟམ་ཞིག་ཀྱང་འཕངས་པར་སྨོས་མ་དགོས་སོ། །


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...