སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མང་ཡུལ་ཐུད་རོལ་སྡེ་བའི་དགུན་གནང་གསབ་སྦྱོང་མཇུག་སྒྲིལ་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-2-8 9:16:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


དུས་ཐོག་ཆར་བའི་སློབ་གསོའི་ཐེབས་རྩ་ཚོགས་པ་བསྐྱར་གསོ་གནང་བཞིན་པའི་གཏམ་གླེང་ཚོགས་འདུ།


རིག་རྩལ་འཁྲབ་སྟོན།

     སྤྱི་ལོ2018ལོའི་ཟླ2པའི་ཚེས4ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་མང་ཡུལ་ཐུད་རོལ་སྡེ་བའི་དུས་ཐོག་ཆར་བ་ཞེས་པའི་དགུན་གནང་སྐབས་ཀྱི་སློབ་མའི་གསབ་སྦྱོང་མཇུག་སྒྲིལ་བར་མ་ཟད། ཉིན་དེར་སྦྱངས་འབྲས་ཆེས་ལེགས་པའི་སློབ་མ28ལ་གཟི་བརྗིད་དཔང་ཡིག་བྱིན་ནས་སྐུལ་ལྕག་བྱས་པ་དང་། སྡེ་འདིའི་ཕྱོགས་ཡར་མར་ན་ཡོད་པའི་ལས་བྱེད་རྣམས་ཕྱིར་ཕ་ཡུལ་དུ་ལོག་སྟེ་མང་ཚོགས་རྣམས་དང་ལྷན་འཛོམས་ཀྱི་སྒོ་ནས་སྐྱིད་སྡུག་ལེགས་ཉེས་དང་། ཡ་རབས་སྲོལ་བཟང་། མི་ཆོས་ཀུན་སྤྱོད་སོགས་ལ་གཏམ་གླེང་བྱས་ལ། ཁྱད་པར་དུ་སྡེ་འདིའི་མ་འོངས་མདུན་ལམ་ལ་དམིགས་ནས་སློབ་གསོའི་རོགས་སྒྲུབ་ཐེབས་རྩ་ཚོགས་པ་འཛུགས་པའི་ཕྱོགས་ལ་གྲོས་གཞི་རྒྱ་ཆེན་པོ་བཏོན།
     ཐེངས་འདིའི་གསབ་སྦྱོང་ལ་མཚོ་སྔོན་མི་རིགས་དགེ་འོས་སློབ་གླིང་གི་རྩིས་དངོས་རྫས་གསུམ་གྱི་སློབ་མ3དགེ་རྒན་དུ་གདན་དྲངས་ནས། ཐུད་རོལ་སྡེ་བའི་སློབ་ཆུང་ནས་མཐོ་འབྲིང་བར་གྱི་སློབ་མ73ལ་རྨང་གཞིའི་སྐོར་གྱི་ཤེས་བྱ་གསབ་ཁྲིད་བྱས་པ་དང་། ཁྱད་པར་དུ་སློབ་ཆུང་རིམ་པར་སློབ་གྲྭས་བྱིན་པའི་དགུན་གནང་གི་ལས་བྱ་ལེགས་འགྲུབ་ཡོང་དུ་བཅུག་ལ། ཁོ་ཚོས་འབྲི་མི་ཤེས་པ་དང་ཐེ་ཚོམ་གྱི་གནས་སུ་གྱུར་ཡོད་པའི་ཤེས་བྱ་རྣམས་སེམས་ལ་སེམས་བཞག་གིས་ཤེས་སུ་བཅུག དམའ་འབྲིང་དང་མཐོ་འབྲིང་གི་སློབ་མར་སློབ་གྲྭའི་བསླབ་གཞིའི་ཁག་ལས་རྒྱུགས་འབྲས་མི་ལོན་ཞིང་ཤེས་རྟོགས་དཀའ་བའི་རྩིས་དངོས་རྫས་གསུམ་གཙོར་བཟུང་སྟེ་སློབ་ཁྲིད་བྱས་ལ། མཐར་ཉིན20རིང་སློབ་ཁྲིད་བྱས་པའི་བསླབ་བྱ་སོ་སོར་རྒྱུགས་བླངས་ནས་སྦྱངས་འབྲས་ཕུལ་དུ་བྱུང་བའི་སློབ་གྲོགས28ལ་སྡེ་མི་ཡོངས་ཀྱི་མདུན་ནས་དྲི་མེད་ཀྱི་ཁ་བཏགས་དང་གཟི་བརྗིད་དཔང་ཡིག་བྱིན་ནས་སྐུལ་ལྕག་རྒྱ་ཆེན་པོ་བྱས།


རིག་རྩལ་འཁྲབ་སྟོན།


ཡུལ་དངོས་ཀྱི་ཟུར་ཞིག

     སྤྱིར་སློབ་གསོ་ནི་སློབ་གྲྭ་ཁོ་ནའི་དོན་དག་ཅིག་མ་ཡིན་པར། དེ་ནི་ཁྱིམ་ཚང་ལའང་འགན་འཁྲི་རྒྱ་ཆེན་པོ་ཞིག་ཡོད་འདུག་པ་རེད། ཡིན་ནའང། རང་རེའི་གཞི་རིམ་ས་ཁུལ་གྱི་ཁྱིམ་བདག་རྣམས་ལ་མཚོན་ན། རིག་གནས་ཡོན་ཏན་དང་ཤེས་བྱའི་ཆུ་ཚད་དམའ་བའི་དབང་གིས་ཁྱིམ་ཚང་གི་སློབ་གསོ་ནི་མིང་ཡོད་དོན་སྟོང་དུ་ལུས་འདུག་པའི་དངོས་ཚུལ་ཞིག་ཏུ་གྱུར་འདུག དེ་བས། ཐེངས་འདིར་རྨེ་རུ་སོན་གསར་གྱིས་སྡེ་བའི་ཧྲུའུ་ཅི་དང་སྡེ་དཔོན་རིམ་པར་སྔོན་ཆད་སྦྱིན་བདག་ཆེན་མོ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་གྲོས་གཞི་བཏོན་མྱོང་བའི་སློབ་གསོའི་རོགས་སྒྲུབ་ཚོགས་པ་སྟེ། དུས་ཐོག་ཆར་བ་ཞེས་པའི་ཐེབས་རྩ་ཚོགས་པ་འདི་བསྐྱར་དུ་བཙུགས་ནས་སློབ་གསོ་ལ་ཤུགས་རྒྱག་དགོས་ཚུལ་བཤད་པ་ན། ཁོང་རྣམ་པས་ཀྱང་ཡིད་འཐད་ཀྱི་རྣམ་འགྱུར་དང་བཅས་ཚོགས་པ་འདིར་ཚོགས་གཙོ་དང་ཚོགས་གཞོན། ཚོགས་མི་སོགས་མི་སྣ19ཙམ་རྩ་འཛུགས་བྱས་པར་མ་ཟད། ད་དུང་ཚོགས་མི་རེ་རེར་སེམས་གཏམ་དམར་པོ་མེ་རུ་སྒྲོན་ནས་སློབ་གསོ་ལ་ནུས་ཤུགས་འབུལ་དགོས་ཚུལ་གྱི་སྙིང་གཏམ་བཤད་དེ་ཡིད་འཐད་བྱུང་དུ་བཅུག་པ་ནི། སྡེ་འདིའི་སློབ་གསོ་ལ་མཚོན་ན་དགའ་འོས་པའི་གྲུབ་འབྲས་ཤིག་ཡིན།


སློབ་གྲོགས་རྣམས་ལ་བྱ་དགའ་གནང་བཞིན་པའི་ཚུལ།


སློབ་གྲོགས་རྣམས་ལ་བྱ་དགའ་གནང་བཞིན་པའི་ཚུལ།


སློབ་གྲོགས་རྣམས་ལ་བྱ་དགའ་གནང་བཞིན་པའི་ཚུལ།

     ཁྱད་པར་དུ་ཐེངས་འདིའི་གསབ་སྦྱོང་མཇུག་གྲུལ་བའི་ཉིན་དེར། སྡེ་བའི་ཧྲུའུ་ཅུ་བློ་མཐུན་བཀྲ་ཤིས་དོན་འགྲུབ་ཀྱིས། སློབ་གསོའི་རོགས་སྒྲུབ་ཐེབས་རྩ་ཚོགས་པ་བསྐྱར་གསོ་གནང་དགོས་པའི་དམིགས་ཡུལ་དང་རེ་འདུན། དཀའ་གནད་དང་དགོས་པ་སོགས་ངོ་སྤྲོད་བྱས་པ་དང་། སློབ་གསོ་སྨྲ་བ་རྨེ་རུ་སོན་གསར་གྱིས་སློབ་རྟོག་གི་དོན་དངོས་གནས་ཚུལ་དང་སྦྲེལ་ནས་སྡེ་འདིའི་སློབ་གསོ་ཉམས་ཞན་དུ་གྱུར་འདུག་པའི་རྒྱུ་རྐྱེན་གྱི་སྐོར་ནས་གཏམ་གླེང་བྱས། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་སློབ་གཙོ་དང་རྫོང་སློབ་དཔྱོད་ཁང་གི་ཀྲུའུ་རེན་ལ་བཞུགས་མྱོང་བའི་སློབ་གསོ་སྨྲ་བ་དོན་འགྲུབ་དབང་རྒྱལ་གྱིས། སྡེ་འདིའི་ལོ་རྒྱུས་དང་སྦྲེལ་ནས་ཤེས་དགོས་པའི་སྲོལ་རྒྱུན་རིག་གནས་ཏེ། སྐྱིད་སྡུག་ལེགས་ཉེས་དང་། ཡ་རབས་སྲོལ་བཟང་། མི་ཆོས་ཀུན་སྤྱོད། ཆེ་བཀུར་ཆུང་བྱམས་སོགས་གླེང་བར་མ་ཟད། ད་དུང་སློབ་གསོའི་རོགས་སྒྲུབ་ཐེབས་རྩ་ཚོགས་པར་མ་དངུལ་གཏོང་ཕྱོགས་དང་བདག་དོམ། ཚོགས་པའི་སྒྲིག་གཞི། སློབ་ཆེན་སློབ་མར་མ་དངུལ་གྱིས་རོགས་སྐྱོར་བྱེད་རྒྱུ་ཙམ་མ་ཡིན་པར། དམངས་སྲོལ་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་མི་ཆོས་ཅན་གྱི་རིག་གནས་ལ་རྒྱབ་རོགས་གནང་དགོས་ཚུལ་སོགས་གཏམ་གླེང་གལ་ཆེན་མཛད། མཇུག་མཐར་དགེ་རྒན་དང་སློབ་གཙོ། ཡུལ་གཙོ་དང་ཅུའུ་ཀྲང་། རྫོང་དཔོན་སོགས་གཅིག་ལྕོགས་སུ་འཁུར་མྱོང་བའི་བློ་མཐུན་ཕག་མོ་ཚེ་རིང་གིས་སྤྱི་སྡོམ་གྱི་ཚུལ་དུ། སྡེ་འདིའི་ལས་བྱེད་པ་རྣམས་ལ་བཀའ་དྲིན་མི་དམན་པ་ཞུས་ཤིང་། ཐེངས་འདིའི་ཐེབས་རྩ་ཚོགས་པའི་དགོས་པ་དང་ཉིང་དགོས། དམིགས་ཡུལ་དང་རེ་འདུན་རྣམས་རྒྱ་ཆེའི་ཡུལ་མི་རྣམས་ཀྱི་སྙན་ལམ་དུ་དྲིལ་སྒྲོག་བྱ་དགོས་ཚུལ་དང་། ཁྱད་པར་དུ་ཐེངས་འདིའི་ཐེབས་རྩ་ཚོགས་པ་ནི་ཐུན་མོང་གི་དོན་དག་ཅིག་ཡིན་པའི་དབང་གིས་ཐམས་ཅད་ཀྱི་སེམས་རྩ་གཅིག་ཏུ་སྒྲིལ་ནས་འགྲུབ་དགོས་པས། གནས་འདིར་ཐོན་མེད་པའི་མི་སྣ་མང་པོ་ཞིག་ཡོད་པ་དེ་དག་ལ་བརྡ་བརྒྱབ་ནས་ལྔ་བའི་བཅུ་བདུན་གྱི་ལྷན་འཛོམས་སྟེང་གྲོས་གླེང་གནང་རྒྱུའི་རེ་བ་བཏོན། འདི་ལྟར་དུས་ཚོད་གསུམ་རིང་གི་གཏམ་གླེང་མཇུག་རྫོགས་རྗེས། སྡེ་མི་དང་སློབ་གྲོགས་ཚོས་གྲ་སྒྲིག་བྱས་ཡོད་པའི་རིག་རྩལ་འཁྲབ་སྟོན་ལ་རོལ་མྱོང་བྱས།
     མཐར། ཐེངས་འདིའི་དུས་ཐོག་ཆར་བའི་དགུན་གནང་གསབ་སྦྱོང་ལ་མ་དངུལ་གྱིས་རོགས་སྐྱོར་གནང་མཁན། ཐུད་རོལ་གསང་སྔགས་བདེ་ཆེན་གླིང་གི་ཨ་ལགས་རྡོ་རྗེ་འབུམ་དང་སྦྱིན་བདག་ཆེན་མོ་ཚེ་རིང་བཀྲ་ཤིས་གཉིས་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞུ། མཚུངས་སུ་རང་དོན་རྒྱབ་ཏུ་བོར་ནས་སྤྱི་དོན་ལ་དམིགས་སུ་ཕེབས་པའི་ལས་བྱེད་པ་རྣམས་དུས་སུ་ལྷགས་པར་ཡང་བཀའ་དྲིན་ཤིན་ཏུ་ཆེ་ཞུ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...