སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་སྐབས་གསར་བ་དབུ་ཚུགས།
རྩོམ་པ་པོ། རྡོ་རྗེ་འཇིགས་བྱེད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-3-6 9:18:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་སྐབས་གསར་བ་དབུ་ཚུགས།

     རྨ་ཀླུང་གསེར་ལྡན་རིང་མོའི་འགྲམ་རྒྱུད་ནི་ཡུལ་གྲུ་གཞན་ལས་དཔྱིད་དཔལ་གྱི་རླུང་བུ་ལྡང་བ་མགྱོགས་ཤིང་དྲོད་འཇམ་གྱི་ཉི་འོད་འཕྲོ་བ་སྔ་བས། དུས་ཚིགས་འདིར་ཀུན་གྱིས་རེ་བའི་ས་བོན་གདབ་པའི་དབུ་ཚུགས་ཡོད་ཅིང་། སློབ་གྲྭ་སོ་སོ་ཡང་སློབ་སྐབས་གསར་བ་ཚུགས་མགོ་བརྩམས་པ་བཞིན་དུ། ཡུལ་གྲུ་འདིའི་ཤེས་བྱ་རིག་པའི་དགའ་ཚལ་དུ་མའི་གྲས་གཅིག་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའང་ཟླ་འདིའི་ཚེས3ཉིན་ནས་སློབ་མགོ་ཚུགས།
     སློབ་མགོ་ཚུགས་པའི་ཉིན་དང་པོ་སྟེ་ཟླ་འདིའི་ཚེས3ཉིན་ཐོག་མར་ཤེས་རིག་གི་ཤིན་སྦྱངས་འཐོབ་པའི་དགེ་རྒན་རྣམས་སློབ་གྲྭར་སླེབས་ཤིང་། ཤར་ཕྱོགས་སྨྱན་མང་ཁང་དུ་སྤྱི་ལོ2017-2018ལོའི་སློབ་སྐབས་གཉིས་པའི་སློབ་ཚུགས་བྱ་བའི་ཚོགས་འདུ་བསྡུས།

     ཐེངས་འདིའི་ཚོགས་འདུར་སློབ་གྲྭའི་དགེ་བཟོ་བ་ཐམས་ཅད་ཆད་ལྷག་མེད་པར་ཞུགས་ཤིང་། ཚོགས་ཐོག་ཏུ་སློབ་གྲྭའི་སློབ་གསོའི་བྱ་བའི་སློབ་གཙོ་གཞོན་པ་སྟོབས་ལྡན་ལགས་གཙོ་བྱས་ཏེ་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སློབ་སྟོན་ཁྲུའུ། ཁྲིད་དཔྱོད་ཁག འཚོ་བའི་དོ་དམ་ཁང་། སློབ་མའི་ཀུན་སྤྱོད་དོ་དམ་ཁང་། དེ་བཞིན་ལོ་རིམ་སོ་སོའི་ཁག་གཙོ་བཅས་ཀྱིས་རང་ཉིད་ལས་བགོས་ཀྱི་ལས་དོན་ཐད་སློབ་སྐབས་སྔོན་མའི་བྱ་བའི་དགེ་སྐྱོན་ཀུན་ལ་སྤྱི་སྡོམ་ནན་དུ་བྱས་ཤིང་། སློབ་སྐབས་གསར་བའི་ནང་གི་འཆར་གཞི་སྒྲོག་བཤད་དང་བཅས་ཁས་ལེན་དམ་བཅའ་བཞག་པས། རྒྱ་ཆེའི་དགེ་བཟོ་བ་ཡོངས་ལ་སློབ་སྐབས་འདིའི་བྱ་བའི་ཁ་ཕྱོགས་དང་འཆར་བཀོད་ངོ་འཕྲོད་ཅིང་ཀུན་ལ་དམིགས་འབེན་དང་ལས་འགན་གསལ་བོ་ཡོད་པའི་སྒོ་ནས་སློབ་སྐབས་གསར་བའི་དབུ་ཚུགས་ཀྱི་ཐོག་མའི་སྟན་གོན་གྲུབ།

     ཚེས4ཉིན་མཐོ་གཅིག་དང་མཐོ་གཉིས་རིམ་པའི་སློབ་མ་རྣམས་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཤིང་ཕ་མའི་རེ་ལྟོས་ཀྱི་མིག་ཟུང་སེམས་སུ་བསྐུངས་ནས་གཅིག་རྗེས་གཉིས་མཐུད་ཀྱིས་སློབ་གྲྭར་འབྱོར་ཏེ་མིང་ཐོ་བཀོད། འཛིན་བདག་རྣམས་གཙོ་བྱས་ཏེ་དགེ་རྒན་གཞན་དག་གི་རམ་འདེགས་འོག་སྔར་གྱི་འཆར་བཀོད་ལྟར་སློབ་མ་རྣམས་སླེབས་པའི་སྔ་རྗེས་ལྟར་རེ་རེ་བཞིན་དུ་དགུན་གནང་གི་ལས་བྱ་ཞིབ་བཤེར་དང་ཁྱིམ་བདག་གི་བསམ་འཆར་རེའུ་མིག་བསྡུ་ལེན་སོགས་བྱས་ཏེ་ཞིབ་ཚགས་ཀྱི་ངང་ཉིན་གང་བོར་མིང་ཐོ་བཀོད་པ་དང་། སློབ་མ་བརྒྱ་ཆའི་གོ་དགུ་ཡན་དུས་ལྟར་སློབ་གྲྭར་སླེབས་ཤིང་སློབ་མགོ་ཚུགས་པའི་བྱ་བའི་ཐོག་མ་བདེ་བླག་གིས་གྲུབ།
     དེ་བཞིན་དུ་མཐོ་གསུམ་ལོ་རིམ་ཁག་གིས་ཁྱིམ་བདག་དང་མཐོ་རྒྱུགས་སྐུལ་སློང་ཚོགས་འདུ་བསྡུས། ཚོགས་ཐོག་ཏུ་ཐོག་མར་མཐོ་གསུམ་ལོ་རིམ་ཁག་གི་ཁག་གཙོ་རྒན་ལྷ་མཁར་ཚེ་རིང་གིས་ཕྱོགས་ཡོངས་ནས་ལོ་རིམ་ཁག་གི་བྱ་བ་སྟེ་སློབ་མའི་སློབ་སྦྱོང་དང་འཚོ་བ། སྒྲིག་ལམ། གཙང་སྦྲ་སོགས་ཀྱི་ཐད་ནས་ངོ་སྤྲོད་ཞིབ་ཕྲ་བྱས་ཤིང་། དེའི་འཕྲོར་སློབ་གཙོ་གཞོན་པ་སྟོབས་ལྡན་ལགས་ཀྱིས་སློབ་གྲྭའི་སློབ་གསོའི་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས། མཇུག་མཐར་སློབ་གཙོ་གཞོན་པ་པདྨ་ནོར་བུ་ལགས་ཀྱིས་སློབ་མའི་སློབ་ཡོན་བསྡུས་པའི་གནས་ཚུལ་དང་ལས་རྒྱབ་ཀྱི་བྱ་བའི་གནས་ཚུལ་ཐམས་ཅད་ཁྱིམ་བདག་རྣམས་ལ་ངོ་སྤྲོད་གསལ་བོ་བྱས། དེ་མིན་མཐོ་རྒྱུགས་ཀྱི་གལ་ཆེན་རང་བཞིན་སོགས་གལ་བོ་ཆེ་ལ་ནན་གྱིས་བསྐུལ་བས་མཐོ་གསུམ་གྱི་སློབ་མ་ཡོངས་ཀྱིས་ཆེས་མཇུག་མཐའི་ཟླ་བ་དུ་མའི་རིང་ལ་འབད་པ་ལྷོད་མེད་ཀྱིས་མཐོ་རྒྱུགས་ལ་གྲ་སྒྲིག་གང་ལེགས་བྱ་དགོས་པའི་ངེས་ཤེས་བརྟན་པོ་རྙེད།

     དེ་ལྟར་སློབ་སྐབས་གསར་བའི་དབུ་ཚུགས་ཀྱི་ཡོང་ལང་གིས་སློབ་རའི་ཡུན་རིང་གི་ལྷིང་འཇགས་དང་ཁེར་རྐྱང་གི་རྣམ་པ་དཀྲོགས་ཤིང་། དགེ་སློབ་ཁྱིམ་བདག་དང་བཅས་ཀྱིས་སླར་ཡང་སྟོབས་ཤུགས་ཡོད་རྒུ་སློབ་བུ་རྣམས་ཀྱི་མདུན་ལམ་དང་མ་འོངས་པའི་ཆེད་དུ་བསྟིམས་རྒྱུའི་ཆོད་སེམས་བརྟན་ཞིང་། སློབ་གྲྭས་ཀྱང་ཕྱོགས་ཡོངས་ནས་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་འབྲས་བུ་གཡུར་དུ་ཟ་བ་ཞིག་ལེན་པར་བརྩོན་ལེན་དང་འབད་འབུངས་བླ་མེད་གྱིས་པས། སློབ་སྐབས་གསར་བའི་ནང་དུ་སློབ་གྲྭའི་འཕྲིན་ལས་དབྱར་གྱི་མཚོ་མོ་བཞིན་རྒྱས་ཤིང་སློབ་མ་རྣམས་ཀྱི་སློབ་འབྲས་སྟོན་གྱི་ལོ་ལེགས་བཞིན་སྨིན་པའི་བཀྲ་ཤིས་ཀྱི་རྟེན་འབྲེལ་འགྲིག


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...