སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་སྤེལ་བ།
རྩོམ་པ་པོ། རྡོ་རྗེ་འཇིགས་བྱེད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-3-26 9:32:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་སློབ་མའི་དོན་དངོས་ཀྱི་ཤེས་བྱའི་རྨང་གཞི་དང་ཆུ་ཚད་ལ་བསྟུན་ནས་དེར་མཐུན་གྱི་སློབ་ཁྲིད་བཀོད་སྒྲིག་བྱས་ཤིང་རང་གི་ཐུན་མོང་མ་ཡིན་པའི་སློབ་སྒྲུབ་ཀྱི་བྱེད་ཐབས་དུ་མ་བེད་སྤྱོད་བྱེད་ཀྱིན་ཡོད་པའི་ཁྲོད་ཀྱི་ཚད་མའི་སློབ་ཁྲིད་ནི་ཆེས་འབུར་དུ་ཐོན་པའི་ཁྱད་ལྡན་སློབ་གསོའི་ལག་ལེན་གྲས་ཀྱི་གཅིག་ཡིན་ཞིང་། སློབ་གྲྭས་དགེ་བའི་བཤེས་གཉེན་བླ་ནག་པ་ཡེ་ཤེས་བཟང་བོ་མཆོག་ཆེད་གཉེར་ཚད་མའི་དགེ་རྒན་ལ་གདན་ཞུ་བྱས་ཏེ་ལོ་དུ་མའི་རིང་ལ་སློབ་མ་ཡོངས་ལ་ཚད་མའི་སློབ་ཁྲིད་བཀོད་སྒྲིག་བྱས་ལ། བཤེས་གཉེན་ཁོང་གི་རིས་མེད་ཀྱི་འཆད་ཁྲིད་དང་མཚུངས་མེད་ཀྱི་སློབ་སྟོན་ལས་སློབ་མ་རྣམས་རིགས་ལམ་ལ་ནང་བྱན་ཆུད་དེ་སྒྲོ་འདོགས་ཆོད་དཀའ་བའི་དོན་གྱི་གནད་ལ་བརྡར་ཤ་གཅོད་པའི་གྲོགས་སུ་འགྱུར་ཞིང་། བསླབ་ཚན་ཁག་གི་ཤེས་བྱ་མ་ལུས་པར་རང་རྒྱུད་ལ་སྦྱོར་བར་ཡང་རིགས་ལམ་གྱི་གཞོགས་འདེགས་གལ་ཆེན་འཐོབ་པས་དངོས་བརྒྱུད་གང་རུང་དུ་གྲུབ་འབྲས་མི་དམན་པ་བླངས་ཡོད།

     དེའི་ཕྱིར་ཐེངས་འདིར་ཡང་ཚད་མའི་སློབ་ཁྲིད་ཀྱི་གྲུབ་འབྲས་ཚད་འབྱེད་དང་། ལྷག་དོན་རང་སློབ་གྲྭའི་སློབ་མ་རྣམས་ཤེས་བྱའི་གནས་ལ་འཇུག་པར་རིག་པའི་སྒོ་མོ་འབྱེད་པ་དང་བསམ་གཞིག་གི་ནུས་པ་བོགས་འདོན་པ། རང་རྟོགས་ཀྱི་ནུས་པ་ཆེར་བསྐྱེད་པ། སྨྲ་བརྗོད་ཀྱི་རྩལ་དང་སྤོབས་པ་བསྐྱེད་སྲིང་བྱེད་པ་སོགས་དམིགས་སུ་བཟུང་སྟེ། རིག་ཚན་གང་ལའང་འཇུག་བདེ་ཞིང་འཛིན་སླ་ལ། སྤྲོ་བ་འཕེལ་བར་བྱེད་པའི་རང་རེའི་ཐུན་མོང་མ་ཡིན་པའི་བསྡུས་གྲྭའི་རིགས་ལམ་འདི་རྒྱུད་འཛིན་དང་གོང་སྤེལ་བྱེད་ཆེད། ཉེ་ཆར། དགེ་རྒན་ཡེ་ཤེས་བཟང་པོའི་སློབ་སྟོན་དང་སློབ་གྲྭའི་དབུ་ཁྲིད་རྣམས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་སྤྱི་ལོ2018ལོའི་ཐེངས་དང་པོའི"ཆོས་སེང་རྟགས་མའི"བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་གྱི་བྱ་འགུལ་སྤེལ།

     ཐེངས་འདིའི་བྱ་འགུལ་གྱི་གོ་རིམ་ནི་སྔ་ཕྱི་གཉིས་སུ་དབྱེ་ནས་སྤེལ་བ་ཡིན་ཞིང་། ཐོག་མར་ཐུན་མོང་གི་འགྲན་བསྡུར་ཏེ་འཛིན་གྲྭ་སོ་སོས་འཐུས་ཚབ་མི་སྣ་དུ་མ་བདམས་ནས་སྔ་ཕྱིར་རིགས་ལུང་བ་དང་དམ་བཅའ་བ་བྱས་ནས་འགྲན་བསྡུར་བྱས་པ་དང་ཁྱོན་འཛིན་གྲྭ་བཅོ་ལྔ་བྱེད་སྒོར་ཞུགས། རིམ་པ་གཉིས་པར་མི་སྒེར་གྱི་འགྲན་བསྡུར་ཏེ་དེ་ཡང་འཛིན་གྲྭ་སོ་སོ་ནས་མི་སྒེར་དུ་མ་ཞིག་འགྲན་བསྡུར་ལ་ཞུགས་པ་དང་སྔ་རྗེས་སུ་རིགས་ལུང་བ་དང་དམ་བཅའ་བ་བྱས།
     བྱ་འགུལ་འདི་ཕྱི་དྲོའི་ཆུ་ཚོད་གསུམ་ལྷག་གི་རིང་ལ་སྤེལ་ཞིང་། འགྲན་ཞུགས་སློབ་གྲོགས་ཡོངས་ཀྱིས་སྔོན་འགྲོའི་གྲ་སྒྲིག་ཕུན་སུམ་ཚོགས་ལ་ལྷན་སྐྱེས་ཀྱི་ཤེས་རབ་རྣོན་པོ་དང་སྦྱངས་སྟོབས་ཀྱི་རིགས་ལམ་མྱུར་མོ། ལུས་སེམས་ཀྱི་ཉམས་འགྱུར་ཕྱུགས་པོ། གཏན་ཚིགས་ཀྱི་ལུང་རིགས་གསལ་བོ་བཅས་ལ་བརྟེན་ནས་རྟགས་གསལ་སྣ་མང་འཕངས་ཏེ་གཅིག་ལས་གཅིག་ལྷག་གི་འགྲན་བསྡུར་དང་། དཔྱད་འདེམ་དགེ་རྒན་རྣམས་ཀྱི་དྲང་གཞག་གི་དཔྱད་འདེམས་བརྒྱུད། མཐོ་གཉིས་འཛིན་གྲྭ་དང་པོ་སོགས་འཛིན་གྲྭ་བཅུ་ལ་ཐུན་མོང་གི་བྱ་དགའ་ཐོབ་ཅིང་། མཐོ་གཉིས་འཛིན་གྲྭ་དང་པོའི་སློབ་གྲོགས་སྨན་ལྷ་རྒྱལ་སོགས་མི་བཅུ་ལ་མི་སྒེར་གྱི་བྱ་དགའི་གཟེངས་རྟགས་ཐོབ། མཇུག་མཐར་སློབ་གཙོ་གཞོན་པ་དགེ་རྒན་སྟོབས་ལྡན་ལགས་ཀྱིས་ཐེངས་འདིའི་བྱ་འགུལ་ལ་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་ཏེ་བྱ་འགུལ་གྱི་མཇུག་བསྡུས།

     ཐེངས་འདིའི་བྱ་འགུལ་ལས་སློབ་མ་རྣམས་བོད་ཀྱི་སྲོལ་རྒྱུན་གྱི་གཞུང་ལ་སློབ་གཉེར་བྱེད་པའི་རྩ་བའི་ཐབས་ལམ་དང་རིགས་པའི་སྒོ་མོ་འབྱེད་པའི་ལྡེ་མིག་ལྟ་བུའི་ཚད་མ་རིག་པ་ལས་བསྡུས་གྲྭའི་རིགས་ལམ་ལ་སྤྲོ་བ་མི་དམན་པ་ལྡན་ཞིང་དེ་ཉིད་ལ་གཙིགས་ཆེན་བྱེད་བཞིན་པའི་ངང་ཚུལ་གསལ་བོར་མཚོན་པར་མ་ཟད། རིགས་ལམ་དེ་ཉིད་བོད་ཀྱི་སྐད་དང་ཡི་གེ་ལས་གཞན་དེང་རབས་ཀྱི་བསླབ་ཚན་གསར་བ་ཁག་ལའང་ཟུང་འབྲེལ་སྒོས་ཐེ་ཚོམ་གྱི་སྤུ་རིས་འབྱེད་པའི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་བ་གསལ་བོར་མངོན། གཞན་ཡང་སློབ་མ་རྣམས་ཀྱི་སྤོབས་པའི་གཟེངས་མཐོ་ཞིང་སྐད་ཀྱི་གདངས་གསལ་བ། ངག་གི་སྨྲ་དག་པ། རིག་པའི་འགྲོས་མྱུར་བ། ཤེས་པའི་རྩེ་རྣོ་བ་བཅས་ལས་ཁོ་ཚོའི་མ་འོངས་པར་རེ་བས་ཁེངས་ཤིང་སློབ་རའི་སློབ་སྦྱོང་གི་མཁའ་དབུགས་སྔར་བས་ཀྱང་ལེགས་པའི་ལམ་དུ་གོམ་སྣེ་བསྐྱོད་དེ་དཔྱིད་མགོའི་སློབ་རའི་ཁོར་ཡུག་ལ་མཛེས་སྡུག་གི་བཀྲག་མདངས་བསྐྲུན་པ་དང་། སླད་མར་བོད་ཀྱི་རིག་གནས་ཀྱི་ཉམས་ཐག་པའི་གནས་བབ་འཛིན་སྐྱོང་སྤེལ་གསུམ་ལ་ཡིད་ཆེས་དང་སྤོབས་པ་བསྩལ་བྱུང་། མཐར་སློབ་གྲྭའི་སློབ་གསོའི་ལས་དོན་ཡར་ངོའི་ཟླ་བཞིན་འཕེལ་ཞིང་བོད་ཀྱི་ཤེས་རིག་གཏེར་མཛོད་དབྱར་གྱི་མཚོ་བཞིན་རྒྱས་གྱུར་ཅིག

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...