སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཨ་མའི་ནོར་བུ་རིག་གནས་ཚན་རྩལ་ཀུང་ཟིའི་གནས་ཚུལ་རགས་བཀོད།
རྩོམ་པ་པོ། ནོར་བུ་ཚེ་རིང་དང་མགོན་པོ་བཀྲ་ཤིས། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-4-10 9:03:00 རྩོམ་ཁུངས། རྔ་བ་ཉིན་རེའི་ཚགས་པར། ཀློག་གྲངས།


ཨ་མའི་བུ་ལ་སྙིང་རུས་ལྡན་ན། ། གསར་གཏོད་ལས་ལ་བདག་པོ་མེད། །

     རིག་གནས་ཁེ་ལས་གསར་གཏོད་ཀྱི་ལམ་བུ་ནི་ཀྱག་ཀྱོག་དང་དཀའ་ངལ་ཆེ་བའི་ལས་ཀ་ཞིག་ཡིན། མི་སུ་ཡིན་རུང་གསར་གཏོད་བྱེད་ཆོག་པའི་རང་དབང་ལྡན་ན་ཡང་གསར་གཏོད་ཀྱི་ལམ་བུར་བསྐྱོད་ཐུབ་མཁན་ཉུང་ཉུང་ཡིན། ཀ་ཅ་གང་ཞིག་གསར་གཏོད་བྱས་པས་འཛད་སྤྱོད་པ་ཁྲི་ཕྲག་གི་འཚོ་བར་འགྱུར་བ་བཏང་བར་མ་ཟད། མི་མང་པོ་ཞིག་གི་དཔལ་འབྱོར་འཚོ་བའི་ཆུ་ཚད་ལ་ཡང་ཤུགས་རྐྱེན་ཐད་ཀར་ཐེབས་བཞིན་ཡོད་པ་འདི་ནི་གསར་གཏོད་ཀྱི་རིགས་ཐུན་མོང་ལ་མངའ་བའི་སྟོབས་ཤུགས་དང་གྲུབ་འབྲས་རེད།

ཨ་མའི་ནོར་བུ་གསར་གཏོད་བྱེད་པའི་ཀུན་སློང་།

     རབ་བརྟན་གྱིས། སྔོན་ཆད་དགེ་རྒན་གྱི་བྱ་བ་སྒྲུབ་དུས་ཐེངས་ཤིག་པེ་ཅིང་དུ་སོང་ནས་ཕྱི་རྒྱལ་སྐད་ཡིག་སློབ་གླིང་དུ་ཟབ་སྦྱོང་གི་གོ་སྐབས་ཐོབ། སྐབས་དེར་སློབ་གསེང་གི་ཁོམ་ལོང་དང་བསྟུན་དཔེ་མཛོད་ཁང་ཞིག་ཏུ་སོང་བ་དང་རྒྱ་ཡིག་གི་བྱིས་པའི་སྒྲ་གཟུགས་གཉིས་ལྡན་གྱི་སློབ་སྦྱོང་ཡོ་ཆས་སྣ་ཚོགས་མཐོང་། སློབ་སྦྱོང་ཡོ་ཆས་དེ་དག་གིས་དགེ་རྒན་གྱི་ལས་ཀ་གཉེར་བའི་ཁོའི་ཡིད་སེམས་འཕྲོག བར་གླེགས་དེར་རང་གི་སློབ་བུ་ཚོའི་སློབ་སྦྱོང་གི་ཆ་རྐྱེན་ཡང་ཡིད་ལ་ཤར་བ་དང་སློབ་སྦྱོང་གི་འཚོ་བའི་ཆུ་ཚད་རྗེས་ལུས་ཡིན་པའི་རང་གི་སློབ་བུ་ཚོ་བསམ་ན་ཡི་མུག་པ་དང་སེམས་ཁྲལ་ལྕི་མོས་མནན་ཡོང་ཞེས་བཤད། དེ་ནས་བཟུང་ནམ་རྒྱུན་རང་མི་རིགས་ཀྱི་བྱིས་པ་ཚོར་ཡང་འདི་ལྟ་བུའི་སློབ་སྦྱོང་ཡོ་ཆས་ཤིག་ཡོད་ན་ཅི་མ་རུང་སྙམ་པའི་བློ་དོར་མ་མྱོང་། ཁོས་ཐོག་མའི་བསམ་འདུན་མ་བརྗེད་པར་བོད་ཀྱི་སྤྱི་ཚོགས་དང་སློབ་གསོ། དཔལ་འབྱོར་སོགས་ཀྱི་གནས་བབ་ལ་རང་གི་ནུས་ཚོད་ཀྱིས་ཉམས་ཞིབ་དང་བརྟག་དཔྱད་བྱས་པར་བརྒྱུད། སྒྲ་གཟུགས་གཉིས་ལྡན་གྱི་བྱིས་པའི་སློབ་སྦྱོང་ཡོ་ཆས་ཏེ་ཨ་མའི་ནོར་བུ་གསར་གཏོད་བྱེད་རྒྱུའི་ཐག་བཅད་ནས། ལས་ཀའི་ཁ་ཕྱོགས་དང་བསྒྲུབ་ལུགས། དུས་ཚོད་སོགས་ལ་འཆར་འགོད་ཡག་པོར་བྱས། ཡིན་ན་ཡང་ཐོན་རྫས་ཀྱི་ཕྱི་ཤུན་ཐོན་སྐྱེད་བྱ་རྒྱུ་དེ་མ་དངུལ་གཅིག་པུས་ཐག་གཅོད་བྱེད་ཐུབ་ན་ཡང་སློབ་སྦྱོང་གི་ནང་དོན་གདམས་གསེས་བྱེད་རྒྱུ་ནི་ཐོན་རྫས་གྱི་ལྷུ་ལག་ཐོན་སྐྱེད་བྱེད་པ་ལྟ་བུ་མ་ཡིན་པར་དཀའ་ཁག་ཆེ་བའི་ལས་གཞི་གལ་ཆེན་ཞིག་རེད། དེ་ལས་ཀྱང་བྱིས་པའི་སློབ་གསོ་ལ་ཆ་རྒྱུས་ཅི་ཡང་མེད་པས་བྱིས་པའི་བློ་ཁ་དང་འཚམ་ལ་སློབ་གྲྭའི་སློབ་ཁྲིད་དང་ཡང་ཟུང་འབྲེལ་ཐུབ་པའི་ནང་དོན་ཞིག་འདེམས་གསེས་བྱེད་དཀའ། དེའི་རྐྱེན་གྱིས་ཐོག་མར་ལྗོངས་ཞིང་ལྔའི་མཉམ་སྒྲིག་བསླབ་གཞི་བཅོས་སྒྲིག་གི་ཆེད་མཁས་པ་དང་གཞི་རིམ་སློབ་ཆུང་གི་དགེ་རྒན་ཉམས་མྱོང་ཅན་མང་པོར་བློ་འདྲི་བྱས་ཏེ་ནང་དོན་ཐག་གཅོད་བྱས། ཐོན་རྫས་འདི་ལྟ་བུ་ཞིག་ཐོན་སྐྱེད་བྱེད་པར་ཕྱོགས་མང་པོ་ནས་དཀའ་ཁག་ཡོད་ཀྱང་། བྱ་བ་བདེ་བླག་ངང་ཡོངས་སུ་གྲུབ་པས་བོད་ཀྱི་བྱིས་པའི་སློབ་སྦྱོང་དང་ལྷག་པར་དུ་སྐད་ཡིག་སློབ་སྦྱོང་བྱེད་པར་ཁོར་ཡུག་གསར་བ་ཞིག་དང་བར་སྟོང་ཡངས་པོ་བསྩལ་ཡོད་པར་མ་ཟད། རང་ཉིད་འདུ་བའི་ཀུང་ཟིའི་ཁེ་ལས་ཡོང་འབབ་དང་ངལ་རྩོལ་ནུས་ཤུགས་ལྷག་མར་ལས་ཀ་མཁོ་སྒྲུབ་བྱས་ཡོད་པས། རིག་གནས་ཁེ་ལས་གསར་འཛུགས་ཀྱི་དོན་སྙིང་གལ་ཆེན་ལྡན།

གསར་གཏོད་ཀུན་ལ་མཁོ། གསར་སྐྲུན་ཀུན་གྱི་རྒྱན།

     ཉེ་བའི་ལོ་འགའི་རིང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དུ་ཁེ་ལས་གསར་གཏོད་བྱེད་མཁན་གྱི་ན་གཞོན་མང་པོ་ཞིག་ཐོན་དང་ཐོན་བཞིན་ཡོད་ལ། ལྟོས་འཇོག་གིས་ན་གཞོན་འདི་དག་གི་ཁེ་ལས་གསར་གཏོད་ཀྱི་ལས་ཀར་སྤྱི་ཚོགས་ཀྱི་སྣེ་མང་པོ་ནས་གྲུབ་འབྲས་མི་དམན་པ་ཐོབ་ཡོད་དེ། རྒྱུས་ལོན་པ་ལྟར་ན་ཕ་ཡུལ་རྔ་བ་ནས་འཚར་ལོངས་བྱུང་བའི་རབ་བརྟན་དང་ཁོའི་ལས་གྲོགས་དག་གིས་ཨ་མའི་ནོར་བུ་རིག་གནས་ཚན་རྩལ་ཀུང་ཟི་གསར་འཛུགས་གནང་བ་དང་། མི་རིགས་རང་གི་སྐད་དང་ཡི་གེ་ཆ་འཕྲིན་ཅན་དང་དཔལ་འབྱོར་ཅན་གྱི་ལམ་དུ་བསྐྱོད་པར་ཞབས་ཞུ་དང་སྒུལ་ཤུགས་གསར་བ་སྤྲད་དེ་གྲུབ་འབྲས་ཡང་མི་དམན་པ་བླངས་ཡོད།

     ཀུང་ཟི་འདི་གས་ལོ་དུ་མའི་རིང་ཞིབ་འཇུག་དང་བརྟག་དཔྱད་བྱས་པར་བརྒྱུད། སྒྲ་གཟུགས་གཉིས་ལྡན་གྱི་ཨ་མའི་ནོར་བུ་བྱིས་པའི་སློབ་སྦྱོང་ཡོ་ཆས་གསར་གཏོད་བྱེད་པ་དང་ཁྲོམ་རར་བཀྲམ། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་སྐད་ཡིག་སློབ་གསོའི་འཕེལ་རྒྱས་དང་བསྟུན་ནས་བོད་སྐད་བོད་ཡིག་ཀྱང་ཆ་འཕྲིན་ཅན་དུ་བསྒྱུར་རྒྱུ་ནི་བོད་ཡིག་བོད་སྐད་བཀོལ་སྤྱོད་བྱེད་མཁན་དང་མི་རིགས་སྐད་ཡིག་བྱ་བའི་དགོས་མཁོར་རག་ལས་པས། དྲ་བ་དང་དུས་ཡུན་ཐུང་ངུའི་ནང་ཨ་མའི་ནོར་བུ་སྒྲ་གཟུགས་གཉིས་ལྡན་གྱི་བྱིས་པའི་སློབ་སྦྱོང་ཡོ་ཆས་འདི་ཉིད་འཛད་སྤྱོད་བྱེད་མཁན་གྱི་གྲངས་འབོར་མུ་མཐུད་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། འཛད་སྤྱོད་པས་དགའ་བསུ་དང་གདེང་འཇོག་ཀྱང་བྱེད་བཞིན་ཡོད།

ཁྱིམ་བདག་གི་ལས་གྲོགས་བཟང་པོ།། བྱིས་པའི་སློབ་གྲོགས་བཟང་པོ།།

     གནས་སྐབས་སུ་སློབ་སྦྱོང་ཡོ་ཆས་འདི་ལས་སློབ་ཆུང་ལོ་རིམ་དང་པོ་ནས་གསུམ་པའི་བར་གྱི་སྐད་ཡིག་སློབ་ཚན་ཡོད་ཚད་བརྙན་ལམ་ནས་སློབ་ཁྲིད་བྱས་ཡོད་ལ། སློབ་ཚན་གྱི་ནང་དོན་ཡོད་ཚད་ལྗོངས་ཞིང་ལྔའི་མཉམ་བསྒྲིགས་བསླབ་དེབ་གཞིར་བྱས་ནས་ཁྲིད་པ་ཡིན་པས་སློབ་མ་ཚོས་རང་གི་སློབ་གྲྭའི་ནང་གི་བསླབ་དེབ་གཞིར་བཞག་སྟེ་ཨ་མའི་ནོར་བུའི་ནང་གི་བརྙན་ལ་བལྟས་ནས་སློབ་སྦྱོང་བྱས་ཆོག སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་དག་ནི་གཞི་རིམ་སློབ་ཆུང་གི་སློབ་གསོར་རྒྱུས་མངའ་ལྡན་པར་མ་ཟད་བྱ་བའི་སྟེང་གྲུབ་འབྲས་བླ་ན་མེད་པ་ཅན་ཏག་ཏག་ཡིན་པས། སློབ་ཁྲིད་གོ་རིམ་གསལ་བ་དང་ནང་དོན་དང་རི་མོ་ལྷན་སྦྱར་བྱས་ཡོད་པ། བོད་ཡིག་གི་ཡིག་གཟུགས་ལ་གཟབ་མ་གཤར་མ་གཉིས་ཀ་ཡོད། ཀློག་ཁྲིད་སྟངས་ཐད་ལུང་སྐད་མིན་པར་བོད་རང་གི་བརྡ་སྤྲོད་པའི་གཞུང་ལྟར་ཡི་གེའི་སྐྱེ་གནས་གསལ་ཞིང་སྒྲ་དག་པར་ཐོན་པའི་ཁྱད་ཆོས་ལྡན། དེ་མིན་སློབ་སྔོན་བྱིས་པའི་སློབ་གསོར་འབྲེལ་བའི་རྒྱ་བོད་དབྱིན་གསུམ་གྱི་བྱིས་སྒྲུང་དང་གཏམ་དཔེ། གབ་ཚིག ལེགས་བཤད། བྱིས་གླུ། གསལ་བྱེད་ངོས་འཛིན། དབྱངས་གསལ་སྦྱོར་ཀློག་དང་རིགས་མཐུན་ཐ་སྙད་སྣ་ཚོགས། རྨང་གཞིའི་ཨང་རྩིས་ཡོད་པས་ནང་དོན་ཡང་དག་ཡིན་པ་དང་། སྒྲ་དང་གཟུགས་གཉིས་ཀའི་ལམ་ནས་སློབ་ཁྲིད་ལ་ཉན་ཐུབ། སློབ་སྦྱོང་ཡོ་ཆས་འདིས་བྱིས་པ་ཚོའི་སློབ་སྦྱོང་ལ་ཕྱོགས་གང་ཐད་ནས་རམ་འདེགས་གང་མང་བྱེད་ཐུབ་པར་མི་མང་པོས་ཡིད་ཆེས་བྱེད་བཞིན་འདུག

     དེ་མིན་རྒྱ་ཡིག་དང་དབྱིན་ཡིག་གི་ནང་དུ་ཡང་ལེགས་བཤད་དང་གཏམ་དཔེ། སྒྲ་སྦྱོར། དབྱིན་ཡིག་གི་གསལ་བྱེད་ངོས་འཛིན། རིགས་མཐུན་ཐ་སྙད་སྣ་ཚོགས། ཐང་རྒྱལ་རབས་ཀྱི་སྙན་ངག བྱིས་སྒྲུང་སྣ་ཚོགས། ཨང་རྩིས། ལེགས་བཤད། བྱིས་གླུ་སྣ་ཚོགས། འགུལ་རིས་གློག་བརྙན་སྣ་ཚོགས་སོགས་མདོར་ན་བྱིས་པར་མཁོ་བའི་སྒྲ་གཟུགས་གཉིས་ལྡན་གྱི་སློབ་ཚན་དང་གླུ་གཞས་སོགས་ཆིག་སྟོང་ལྷག་མཁོ་སྤྲོད་བྱས་ཡོད།
     ཐོན་རྫས་འདི་བཟོ་མཁན་ཕྱོགས་ཀྱིས་བརྗོད་པ་ལྟར་ན། ཐོན་རྫས་འདི་བྱིས་པ་ཚོས་བེད་སྤྱོད་བྱེད་དགོས་པར་བརྟེན་དེའི་རྒྱུ་ཆ་དང་སྤུས་ཀ་སོགས་ཧ་ཅང་གལ་ཆེན་པོ་ཡིན་པས་མ་རྩ་ཏོག་ཙམ་ལ་མ་བལྟས་པར་ཆེས་ཚད་ལྡན་དང་རྒྱུ་སྤུས་ལེགས་པའི་རྒྱུ་ཆ་དག་བེད་སྤྱོད་བྱས་ཡོད་པར་མ་ཟད། རྒྱལ་ཁབ་རིམ་པའི་ཆོག་མཆན་ཡང་ཆ་ཚང་བླངས་ཡོད།

ཨ་མའི་ནོར་བུའི་མ་འོངས་པའི་ཁ་ཕྱོགས།

     མ་འོངས་པའི་བྱ་བའི་ཐད་ཁྱེད་ལ་དམིགས་ཡུལ་ག་འདྲ་ཡོད་ཅེས་འདྲི་དུས། རབ་བརྟན་གྱིས་སྤོབས་པ་ཆེན་པོའི་སྒོ་ནས་མི་རིང་པར་སློབ་ཆུང་གི་སྐད་ཡིག་བསླབ་དེབ་ཆ་ཚང་གི་ནང་དོན་གཏོང་ཐུབ་རྒྱུ་དང་རྒྱ་ཡིག་དང་དབྱིན་ཇིའི་བསླབ་ཚན་གྱི་ནང་དོན་ཡང་སྔར་ལས་འཐུས་ཚང་བར་གཏོང་རྒྱུ་ཡིན། ད་ལྟ་ནི་བྱ་བའི་མགོ་བརྩམས་མ་ཐག་ཡིན་པས་ལས་ཀའི་སྒྲུབ་སྟངས་དང་དོ་དམ། ཚོང་གཉེར་སྟངས་ཐད་ཉམས་མྱོང་ཕུན་སུམ་ཚོགས་པོ་མེད་རྐྱེན་དཀའ་ཁག་འདུག་ན་ཡང་། རིག་གནས་ཁེ་ལས་འདི་གཉེར་བར་ལུས་པོར་ངལ་དུབ་ཅི་འདྲ་བྱུང་ཡང་སེམས་སུ་དཀའ་བའི་ཚོར་བ་ནམ་ཡང་ཡོད་མ་མྱོང་ཞེས་བཤད། ཡང་ཁོས། ད་ལྟ་འཛད་སྤྱོད་པའི་མང་ཆེ་བ་ནི་སློབ་གསོ་མྱངས་ཡོད་པའི་ཁྱིམ་བདག་གི་སྐོར་ཡིན་ལ། དེ་ལས་ཀྱང་གྲོང་ཁྱེར་ཁག་ཏུ་ལས་ཀ་བྱེད་པ་དང་གཞིས་སྡོད་བྱས་ཡོད་པའི་བོད་རིགས་ཀྱི་ཕ་མ་རྣམས་ཡིན། ཁོ་ཚོར་མཚོན་ན་བྱིས་པ་ཚོར་རང་གི་སྐད་ཡིག་སློབ་སྦྱོང་བྱེད་སའི་སློབ་གྲྭ་མེད་སྟབས། ཨ་མའི་ནོར་བུ་སློབ་སྦྱོང་ཡོ་ཆས་འདིས་བོད་ཡིག་སློབ་གྲྭ་ཆུང་ཆུང་ཞིག་གི་གོ་ཆོད་བཞིན་འདུག དེ་མིན་རྗོང་དང་ཁུལ་དུ་བྱ་བ་སྒྲུབ་པའི་དགེ་རྒན་དང་ལས་བྱེད་པ་མང་པོ་ནས་རང་གི་བྱིས་པར་བོད་སྐད་སློབ་པར་རོགས་རམ་ཆེན་པོ་བྱེད་ཐུབ། རྒྱུ་མཚན་སློབ་སྦྱོང་ཡོ་ཆས་འདི་ལས་བོད་ཡིག་རྐྱང་བ་མ་ཡིན་པར་རྒྱ་ཡིག་དང་དབྱིན་ཡིག་དང་བཅས་སྣ་འཛོམས་ཀྱི་ཁྱད་ཆོས་ལྡན་པས་བྱིས་པའི་སློབ་སྦྱོང་གི་སྤྲོ་སྣང་འདྲེན་ཐུབ་ཟེར།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...