སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་སློབ་ཚན་ཟློས་གར་འཁྲབ་སྟོན་སྤེལ།
རྩོམ་པ་པོ། རྡོ་རྗེ་འཇིགས་བྱེད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-26 9:06:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་སློབ་ཚན་ཟློས་གར་འཁྲབ་སྟོན་སྤེལ།

     བོད་ཀྱི་རིག་གནས་བཅུའི་ཡ་གྱལ་དུ་བགྲང་བའི་ཟློས་གར་ནི་ཤེས་བྱ་མཐའ་ཡས་རྒྱ་མཚོའི་ཁྲོད་ཀྱི་འོད་དུ་འཚེར་བའི་མུ་ཏིག་རྡོག་ཅིག་ཡིན་ཞིང་། རང་རེའི་བོད་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་ཟློས་གར་ཆེན་མོ་བརྒྱད་ལ་སོགས་པའི་སྲོལ་རྒྱུན་གྱི་ཟློས་གར་མང་པོ་དར་ཞིང་རྒྱས་པར་གྱུར་བ་དང་དེ་དག་གི་རྨང་གཞིའི་སྟེང་དེང་རབས་ཀྱི་ཟློས་གར་མང་པོའང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་གསར་དུ་འབྱུང་བཞིན་པའི་སྐབས་ལ། སྣ་མང་རིག་གནས་ཀྱི་ཁྱོན་ལ་འཇུག་བཞིན་པའི་མཐོ་འབྲིང་སློབ་མ་རྣམས་ལའང་སློབ་དེབ་ཁྲོད་དུ་ཟློས་གར་གྱི་འཁྲབ་གཞུང་དང་གཞུང་ལུགས་ཀྱི་སྐོར་བཀོད་སྒྲིག་བྱས་ཡོད་པས། ཉེ་ལམ། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་བོད་ཡིག་ཁྲིད་དཔྱོད་ཁག་གིས་སློབ་མ་རྣམས་ཀྱི་འཇོན་ནུས་སྔོག་འདོན་དང་སློབ་དེབ་ཀྱི་ཤེས་བྱར་བྱང་ཆ་ཐོན་པ། འཁྲབ་སྟོན་སྒྱུ་རྩལ་ལ་དགའ་བ་བསྐྱེད་པ། སློབ་གསེང་གི་འཚོ་བར་སྤྲོ་སྣང་ལྡན་པར་བྱ་བ་བཅས་ལ་དམིགས་ནས་མཐོ་གཉིས་ལོ་རིམ་ཁག་གི་འཛིན་གྲྭ་སོ་སོའི་སློབ་དེབ་དང་འབྲེལ་བའི་ཟློས་གར་འཁྲབ་སྟོན་འགྲན་བསྡུར་གྱི་བྱེད་སྒོ་སྤེལ།


ཟློས་གར་འཁྲབ་སྟོན་བྱེད་པའི་རྣམ་པ།

     སློབ་དེབ་ཀྱི་ནང་དོན་དང་འབྲེལ་བའི་ཟློས་གར་གྱི་འཁྲབ་སྟོན་འགྲན་བསྡུར་འདི་ནི་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་ལོ་རེ་རེའི་མཐོ་གཉིས་ཀྱི་སློབ་གྲོགས་རྣམས་ཀྱིས་སྤེལ་བའི་སྲོལ་ལུགས་རང་བཞིན་གྱི་བྱ་འགུལ་ཆེ་གྲས་ཤིག་ཡིན་ཞིང་། ཐེངས་འདིའི་བྱ་འགུལ་ལའང་མཐོ་གཉིས་རིམ་པའི་འཛིན་གྲྭ14ཆ་ཚང་ཞུགས་པ་དང་། འཁྲབ་བྱ་ལ་དོན་ཡོད་དོན་གྲུབ་དང་དྲི་མེད་ཀུན་ལྡན། ཧོར་གླིང་གཡུལ་འགྱེད། རྩྭ་ཐང་གི་ཉིན་ཐོ། མོ་སྟོན་ཕག་མགོ རྒྱ་བཟའ་གོང་ཇོ། ཧམ་ལེ་ཐེ། བོད་ཀྱི་གཉེན་སྟོན། གསེར་འཇིགས་དང་དཔལ་སྐྱིད་སོགས་ཡོད་ཅིང་། དེ་ལས་མང་ཆེ་བ་ནི་སློབ་སྐབས་འདིའི་སྐད་ཡིག་སློབ་དེབ་ཁྲོད་ཀྱི་འཁྲབ་གཞུང་དངོས་ཡིན་ལ། འཛིན་གྲྭ་སོ་སོས་དུས་ཡུན་སྐར་མ་བཅོ་ལྔའི་ཡུན་དུ་འཁྲབ་བྱའི་ནང་དོན་རྒྱས་བསྡུས་རན་པར་འཁྲབ།


ཟློས་གར་འཁྲབ་སྟོན་བྱེད་པའི་རྣམ་པ།

     ཐེངས་འདིའི་བྱ་འགུལ་ཁྲོད་དུ་སློབ་གྲོགས་རྣམས་ཀྱི་རིག་གནས་ལ་དུངས་ཞེན་དང་སློབ་སྦྱོང་གི་འདུན་པ་དྲག་ཏུ་འཕྱོ་བའི་སྙིང་སྟོབས་དང་ཡིད་ཆེས་མངོན་པར་མཚོན་པ་སྟེ། འཁྲབ་གཞུང་ལ་གསར་གཏོད་ཀྱི་ཆ་ལྡན་པར་བྱས་ཀྱང་མ་གཞིའི་རོ་བྲོ་མ་ཉམས་པར་མ་ཟད། འཁྲབ་སྟོན་གྱི་ནང་དོན་ལ་བྱང་ཆ་ལྡན་པ་དང་མི་སྣ་སོ་སོའི་ཉམས་འགྱུར་རམ་སྣང་བརྙན་འབུར་དུ་ཐོན་ལ། འཁྲབ་ཆས་ཀྱི་གྲ་སྒྲིག་ཕུན་སུམ་ཚོགས་པ་དང་སྤོབས་པ་འཛོམས་ཤིང་སྒྱུ་རྩལ་གྱི་འཇོན་ནུས་ཁྱད་པར་དུ་འཕགས་པ་བཅས་ཀྱིས་བལྟས་ན་མིག་མི་ངོམས་པ། གསན་ལ་སྙན་མི་ཚིམ་པའི་ཟློས་གར་འཁྲབ་སྟོན་བྱས་པ་དང་། ལྷག་པར་དུ་བོད་ཀྱི་སྲོལ་རྒྱུན་དམངས་སྲོལ་རིག་གནས་ཀྱི་ནང་དོན་གསར་འཇུག་བྱས་པས་ཟློས་གར་དེ་དག་གི་ནང་དོན་དང་བྲོ་བའི་སྒྱུ་རྩལ་དང་ལྟད་མོའི་ཚད་རིམ་ཚད་ངེས་ཅན་ཞིག་ཏུ་བསྐྱལ་བར་བྱས། འདི་ཡང་བོད་ཀྱི་རིག་གནས་སྤྱི་དང་སྒོས་སུ་ཟློས་གར་གྱི་ཤེས་བྱ་བདེ་ལེགས་ངང་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་རྒྱུ་རུ་འགྱུར་བར་ཤོག


བྱ་དགའ་ཐོབ་པའི་སློབ་བུ་དག

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...