སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་སློབ་མ་གསར་བ་བསུ་བའི་རིག་རྩལ་སྤྲོ་ཚོགས་བསྡུས།
རྩོམ་པ་པོ། རྡོ་རྗེ་འཇིགས་བྱེད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-9-18 9:45:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་སློབ་མ་གསར་བ་བསུ་བའི་རིག་རྩལ་སྤྲོ་ཚོགས་བསྡུས།


རིག་རྩལ་འཁྲབ་སྟོན་བྱེད་པ།


ཡུལ་དངོས་ཀྱི་ཟུར་ཞིག


འཁྲབ་སྟོན་བྱེད་པའི་རྣམ་པ།

     སྟོན་གྱི་ལང་ཚོའི་དཔལ་ཡོན་རྣམ་པར་མཛེས་པའི་མཛེས་སྡུག་གི་སྐལ་བ་འདི་ལ། བརྩོན་འགྲུས་ཀྱི་ས་བོན་ལ་ཁུར་དུ་ལྕི་བའི་འབྲས་བཟང་དོན་དུ་སྨིན་པའི་བློ་ལྡན་སློབ་བུ་རྣམས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སྒོ་ཐེམ་ངང་གིས་བརྒལ་བའི་འདུ་འགོད་ལ་བྲེལ་ཞིང་། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པར་ཡང་ཤེས་རིག་གི་སྦྲང་རྩི་ཧུབ་ཀྱིས་འཐུང་བར་བྲེལ་བའི་སློབ་གྲོགས་གསར་བ་ཁྱུ་ཞིག་འབྱོར་ཞིང་མདུན་བསྐྱོད་ཀྱི་གོམ་པའི་རྡོག་སྣེ་ལ་ཡིད་ཆེས་ཀྱི་ངར་ཤུགས་དྲག་ཏུ་འཕྱོ་བའི་ཉམས་དགའ་བའི་རྣམ་པས་སློབ་རའི་ཁོར་ཡུག་ཀུན་ལ་སྔར་མེད་ཀྱི་གསོན་ཤུགས་བསྣན་ཡོད། དེར་བསྟུན་ཉེ་ལམ་སློབ་གྲྭས་ཀྱང་རྟེན་འབྲེལ་གྱི་མཚན་མ་འགོ་ནས་བསྒྲིགས་ཤིང་བཀྲ་ཤིས་ཀྱི་རྟགས་མཚན་སྔོན་ནས་བསུས་ཏེ། སློབ་གྲོགས་གསར་བ་རྣམས་ཁོར་ཡུག་གསར་བའི་ནང་དུ་གོམས་ལོབས་དང་སྤྲོ་བས་བརྟས་ཤིང་ལུས་སེམས་བདེ་ཐང་གི་ངང་ནས་རིག་པའི་གནས་ཀུན་ལ་ཕྱོགས་རིས་མེད་པར་འབད་འབུངས་བྱེད་པར་སྐུལ་མ་དང་། སློབ་རའི་འཚོ་བ་ལ་དགའ་སྤྲོ་ཚད་མེད་ཀྱིས་ཁེངས་བར་བྱ་བའི་སླད་དུ་སློབ་གྲྭའི་གུང་གཞོན་ཚོགས་པས་གཙོ་སྒྲུབ་གནང་སྟེ་སློབ་མ་གསར་བ་བསུ་བའི་རིག་རྩལ་སྤྲོ་ཚོགས་སློབ་གྲྭའི་ལུས་རྩལ་ར་བར་དགེ་སློབ་ཀུན་གྱི་རེ་ལྟོས་ཀྱི་ཀློང་ནས་བསྡུས།
     ཐེངས་འདིའི་རིག་རྩལ་འཁྲབ་སྟོན་གྱི་རྣམས་གྲངས་ལ་གཙོ་བོ་བོད་ཀྱི་སྲོལ་རྒྱུན་གྱི་གྲ་མ་ཆག་གྲུ་མ་ཉམས་པའི་དམངས་སྲོལ་རིག་གནས་ཀྱི་སྐོར་ཏེ་ཞབས་བྲོ་དང་དམངས་གླུ་སོགས་ཏེ། ཞང་ཨ་ཡང་ལ་མོ་དང་དམངས་གླུ་དར་དཀར་རིང་མོ། བཀྲ་ཤིས་རྒྱས་འཛོམས། ཨ་ཞང་ཚོ། བོད་པའི་བུ་མོ། བཀྲ་ཤིས་སྐོར་བྲོ་སོགས་ལས་གཞན། བོད་ཀྱི་དཀྲོལ་ལེན་ཨ་ཅེ་གསེར་མོ་མཚོ་དང་སྙན་ངག་གྱེར་འདོན་གསེར་གྱི་རྨུ་ཐག་རིང་མོ་སོགས་ཡོད་ལ། དེ་མིན་ད་དུང་དེང་རབས་ཀྱི་གཞས་དང་ཞབས་བྲོ་བཅས་རིག་རྩལ་རྣམ་པ་བཅུ་བཞི་ལྷག་ཡོད་ཅིང་། འཁྲབ་སྟོན་པ་གཙོ་བོ་ནི་མཐོ་གཉིས་ལོ་ཁག་ཡིན་ལ་འཁྲབ་སྟོན་གྱི་ནང་དོན་དང་རྣམ་པ་གང་ཐད་ནས་གནའ་དེང་ཟུང་འབྲེལ་གྱི་རྣམ་པས་དགེ་སློབ་ཀུན་གྱི་སེམས་པ་མྱོས་ཤིང་དེར་འདུས་ཀུན་གྱི་དགའ་སྤྲོའི་འཛུམ་མདངས་དང་ཁ་གཡང་བར་མེད་དུ་སྒྲོག
     སྤྲོ་ཚོགས་འདིས་ཀྱང་སློབ་གྲྭའི་སྣ་མང་ཤེས་བྱའི་སྐྱེད་ཚལ་ལ་སྔོན་མེད་ཀྱི་བཀྲག་མདངས་གསར་བ་བསྣན་ཞིང་དགེ་སློབ་ཡོངས་ཀྱི་སློབ་སྦྱོང་གི་སེམས་ངལ་ཅུང་སོས་པར་མ་ཟད། ལྷག་པར་དུ་སློབ་གྲོགས་གསར་བ་རྣམས་ལ་སློབ་རའི་འཚོ་བའི་སྤྲོ་སྐྱིད་དང་ཡིག་འགུག་གི་ཆ་ཞིག་ངོ་འཕྲོད་པར་གྱིས་ཤིང་། མ་འོངས་པའི་ལོ་ངོ་གསུམ་གྱི་ནང་དུ་རེ་བ་དང་སྤོབས་པའི་ཁེངས་པའི་ཤེས་རིག་གི་ལྡིང་ཁང་འདི་རུ་བསམ་སྤྱོད་གཉིས་ཀྱི་སྦྱོར་བ་ལེགས་པོ་ཞིག་གིས་ཡ་རབས་ཚུལ་མཐུན་གྱི་མི་བུ་སྒལ་ཚིགས་ཅན་ཞིག་ལ་བརྩོན་པ་གཞིར་བྱས་སློབ་སྦྱོང་ལ་འབད་པ་ལྷོད་མེད་གྱིས་ཏེ་རང་གི་ཕུགས་བསམ་མངོན་དུ་འགྱུར་བར་ཆོད་སེམས་བྲག་ལ་བཏབ་པའི་ཕུར་བ་བཞིན་བརྟན་ཞིང་བརླིང་བར་བྱས་སོ། །


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...