སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་དཔེ་ཀློག་མྱོང་ཚོར་བགྲོ་གླེང་གི་བྱ་འགུལ་སྤེལ།
རྩོམ་པ་པོ། སྟག་རིག་འབྲུག་ཐར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-10-15 14:41:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


མདོ་འཛིན་བྱེད་བཞིན་པ།


དཔེ་ཀློག་མྱོང་ཚོར་གླེང་བ།


གླུ་གཞས་ལེན་པའི་ཚུལ།


དཔེ་ཀློག་མྱོང་ཚོར་གླེང་བ།


བྱ་དགའ་ཐོབ་པའི་སློབ་མ་རྣམས།


ཡུལ་དངོས་ཀྱི་རྣམ་པ།

     སྤྱོད་འཇུག་ལས། ཐོས་པ་ཆུང་བའི་སྐྱེས་བུ་ནི།། བ་གླང་བཞིན་དུ་རྒས་གྱུར་ཏེ།། དེ་ཡི་ཤ་རྣམས་འཕེལ་གྱུར་ཡང་།། དེ་ཡི་ཤེས་རབ་འཕེལ་མི་འགྱུར།། ཞེས་པ་ལྟར་ཐོས་པ་ལ་འཇུག་རྒྱུ་ནི་སྤྱོད་ཡོན་གཉིས་ལྡན་གྱི་མི་བུ་ཞིག་ཏུ་འགྱུར་རྒྱུའི་ལམ་ཁ་རྙེད་པ་ཡིན་ལ། ལྷག་པར་ཤེས་རིག་སྣ་བརྒྱའི་མེ་ཏོག་བཞད་པའི་སློབ་གྲྭར་མཚོན་ན། དཔེ་ཀློག་གི་གོམས་གཤིས་ལེགས་པོ་ཞིག་བསྐྱེད་བསྲིང་བྱ་རྒྱུ་ནི་ད་ལྟའི་དུས་སྐབས་འདིར་ངེས་པར་བསྒྲུབ་དགོས་པའི་ལས་དོན་གལ་ཆེན་ཞིག་ཡིན། དམིགས་འདུན་དེ་གཙོ་བོར་བཟུང་ནས་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་མ་ཚོའི་དཔེ་ཀློག་གི་མོས་པ་སྐྱེད་སྲིང་དང་སློབ་མ་ཚོ་དཔེ་ཀློག་ལ་དགའ་བའི་འདུན་མ་སློང་བར་སྟེགས་བུ་བཟང་པོ་ཞིག་བསྐྲུན་ཆེད། སྤྱི་ཟླ10པའི་ཚེས14ཉིན་གྱི་དགོང་མོར། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དམའ་འབྲིང་གཉིས་པའི་ཚན་ཁག་གིས་མུ་འབྲེལ་སློབ་རའི་རིག་གནས་འཛུགས་སྐྲུན་ལས"དཔེ་ཀློག་མྱོང་ཚོར་བགྲོ་གླེང"གི་བྱ་འགུལ་ཞིག་སློབ་གྲྭའི་སྐས་རིམ་ཚོམས་ཆེན་དུ་བདེ་ལེགས་ངང་སྤེལ།
     ཐོག་མར་གསལ་དག་སྙན་གསུམ་འཛོམས་པའི་མདོ་འཛིན་པ་གཉིས་ཀས་ཟས་ཀྱི་ཐོག་མ་ཆོ་ག་དང་རྩེད་ཀྱི་མགོ་མ་གླུ་ཞེས་པ་ལྟར་དགེ་རྒན་རིན་ཆེན་ཕུན་ཚོགས་ལགས་ལ་བྱ་འགུལ་གྱི་ཡོལ་རས་ཕྱེ་རུ་བཅུག་ཅིང་། རིམ་བཞིན་དུ་འགྲན་ཞུགས་པ་དག་གིས་ཉེ་བའི་གཟའ་འཁོར་གཅིག་གི་རིང་ལ་ཚགས་སྒྲིག་བྱས་པའི་དཔེ་ཆ་དང་རྩོམ་ཡིག་དག་གོ་རིམ་ལྡན་པའི་སྒོ་ནས་དཔེ་ཆ་ངོ་སྤྲོད། ནང་དོན་མདོར་བསྡུས། དཔེ་ཆ་བཀླགས་རྗེས་ཀྱི་མྱོང་ཚོར་དང་དཔེ་ཆ་བཀླགས་རྗེས་ཀྱི་བློ་སྐྱེད། རིན་ཐང་ལྟ་བ། བསམ་གཞིག་སོགས་ལུང་རིགས་དཔེ་གསུམ་ལ་སྦྱར་ཏེ་སྨྲ་བརྗོད་དག་ཅིང་སྤོབས་པ་ལྡན་ལ། འཚབ་སྣང་མེད་པའི་ཉམས་ཀྱིས་བྱ་འགུལ་གྱི་མགོ་མཇུག་བར་གསུམ་འཁྲུག་ཆ་ཅན་དུ་བཏང་། ལྷག་པར་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་མཐོ་གཉིས་འཛིན་གཉིས་ཀྱི་སློབ་མ་བསོད་ནམས་ཚེ་བརྟན་ལགས་ཆེད་དུ་ཟུར་ཞུགས་ལ་གདན་འདྲེན་བྱས་ཏེ་མ་འོངས་པར་སློབ་མ་ཚོས་དཔེ་ཆ་ཀློག་པར་མིག་རྒྱ་དང་བློ་རྒྱ་ཆེན་པོ་བསྐྱེད། འགྲན་ཞུགས་པ་རེ་རེའི་བགྲོ་གླེང་གི་གོ་རིམ་ཁྲོད་དུ་དགེ་སློབ་ཡོངས་ལྷོད་གཡེང་ངམ་བར་རྒྱན་གྱི་ཚུལ་ལ་དམངས་གླུ་དང་བཤད་པ། ཞབས་བྲོ་སོགས་ཀྱིས་ཟུར་བརྒྱན་ཏེ་ལྟ་མཁན་ཡོངས་ལ་སྤྲོ་སྣང་སྦྱིན་ཏེ་ཚོགས་ར་ཡོངས་གསོན་ཤུགས་ཅན་དུ་བསྒྱུར།
     རེབ་འདིའི་བྱ་འགུལ་སྤྱིའི་ཆ་ནས་གོ་རིམ་ལྡན་ལ། གཏན་ཚིགས་དང་གནས་ལུགས་ཀྱིས་བཅིངས་པའི་བརྗོད་པ་བདེ་མོས་འགྲན་ཞུགས་པ་རེ་རེའི་སྨྲ་ལྕེའི་བྱང་ཚད་ཅི་དགར་ངོམ་ཐུབ་པ་བྱུང་། བྱ་འགུལ་གྱི་མཇུག་ཏུ་སློབ་གཙོ་གཞོན་པ་ཚེ་རིང་རྡོ་རྗེ་ལགས་ཀྱིས་བྱ་འགུལ་ལ་སྤྱི་སྡོམ་གྱི་ཚུལ་དུ་རྗེས་ཕྱོགས་དཔེ་ཆ་ལེགས་པོ་དང་དཔེ་ཆ་མང་པོ་ཀློག་དགོས་པའི་སྐོར་གྱི་གསུང་བཤད་གལ་ཆེན་གནང་བའི་ཁར་མདོ་འཛིན་པས་འགྲན་ཞུགས་པ་སོ་སོའི་སྐར་གྲངས་ཁྱབ་བསྒྲགས་བྱས་ཤིང་ཨང་རིམ་ལྟར་བྱ་དགའི་ལེགས་སྐྱེས་གནང་ཞིང་ཚང་མའི་རེ་འདོད་ལྟར་བྱ་འགུལ་བཀྲ་ཤིས་བདེ་བླག་ངང་སྤེལ་བ་རེད། 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...