སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ལས་བྱ་འགྲེམ་སྟོན་གྱི་བྱ་འགུལ་སྤེལ།
རྩོམ་པ་པོ། སྟག་རིག་འབྲུག་ཐར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-10-29 9:11:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     མི་གཤིས་ལེགས་པའི་སློབ་མ་ཡ་རབས་ཤིག་སྐྱེད་སྲིང་བྱ་རྒྱུ་དང་སློབ་སྦྱོང་ལ་བརྩོན་པ་བསྐྱེད་པའི་ཕུལ་བྱུང་སློབ་མ་དག་སྐྱེད་སྲིང་བྱ་རྒྱུ་ནི་དགེ་རྒན་ཚོའི་བྱོལ་མེད་ཀྱི་འགན་འཁྲི་ཡིན། ལྷག་པར་དུ་སློབ་སྦྱོང་གི་མཁའ་དབུགས་ལེགས་པོ་ཞིག་བསྐྲུན་རྒྱུ་ཡང་དུས་རྒྱུན་གྱི་སློབ་མའི་སློབ་སྦྱོང་གི་རྣམ་འགྱུར་ལ་འབྲེལ་བ་ཡོད་དེ། བསླབ་ཁག་སོ་སོའི་ལས་བྱ་ཡང་སློབ་མའི་སློབ་སྦྱོང་གི་ཆུ་ཚད་འཇལ་བྱེད་ཀྱི་ཚོད་བཤེར་མེ་ལོང་ལྟ་བུ་ཡིན་ལ། བསླབ་ཁག་གི་སྦྱངས་འབྲས་མངོན་པར་གསལ་བའི་རྒྱ་མ་ལྟ་བུའང་ཡིན།

     གནས་ཚུལ་དེར་དམིགས་ཏེ2018ལོའི་ཟླ10བའི་ཚེས24ཉིན་གྱི་ཕྱི་དྲོར། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དམའ་འབྲིང་ཁག་གིས་ལོ་རིམ་མཐོ་དམའ་ལྟར་དུ་སློབ་ཐུན་རེ་རེར་བསླབ་ཁག་སོ་སོའི་ཁྲོད་ཀྱི་ཕུལ་བྱུང་ལས་བྱ་གདམ་བསལ་བྱས་ཏེ་འགྲེམ་སྟོན་བྱས།

     སློབ་གྲྭ་ཚོགས་ནས་ཟླ་ངོ་གཉིས་ཀྱི་རིང་དུ་བསླབ་ཁག་སོ་སོའི་ལས་བྱ་དག་གི་ཁྲོད་ནས་ཡིག་གཟུགས་ལེགས་ཤིང་གྲལ་དག་པ། ངོས་གཙང་བ་བཅས་ཀྱི་ཁྱད་ཆོས་གཙིགས་སུ་བཟུང་སྟེ་བསླབ་ཁག་སོ་སོ་ལ་འཛིན་གྲྭ་རེ་ནས་ལས་བྱ་བྲིས་པ་ཆེས་ལེགས་པའི་སློབ་མ་ཕུལ་བྱུང་ཅན་གཅིག་རེ་བདམས་ཏེ་བྱ་དགས་གཟེངས་བསྟོད་བྱས།

     ཕྱི་དྲོའི་སློབ་ཐུན་དང་པོར། དམའ་འབྲིང་དང་པོའི་རིམ་པ་ནས་མགོ་བརྩམས་ཏེ་རྩལ་སྦྱང་ར་བ་རུ་ཕྲེང་བསྒྲིགས་ནས་སློབ་གྲོགས་ཚོར་ལས་བྱ་འབྲི་དེབ་ལ་ནན་ཏན་སྒོས་ལྟ་ཞིབ་ནན་མོ་བྱེད་དུ་བཅུག ལྟ་ཞིབ་ཀྱི་གོ་རིམ་ཁྲོད་དུ་འགྲེམ་སྟོན་བྱས་པའི་སློབ་མ་ཚོའི་སྤུས་ལེགས་ལས་བྱ་དག་གིས་དེར་འདུས་ལྟ་མཁན་པ་རྣམས་ལ་མིག་རྒྱ་བསྐྱེད་ཅིང་ངོས་ཟིན་གསར་བ་ཐོབ།

     མཇུག་མཐར། བསླབ་ཁག་རེ་རེའི་བྲིས་ལེགས་ཤིང་ཆ་ཚང་བ། གཟབ་ནན་ཅན།ཐ་ན་དགེ་རྒན་གྱིས་དཔྱད་འཇོག་ལེགས་པོ་བྱས་པའི་ཕུལ་བྱུང་ལས་བྱ་དག་ལ་མེ་ཏོག་ཆུང་རུང་མཆོད་རྫས་དང་ཀུར་གུམ་ཆུང་རུང་སྨན་རྫས་ཀྱི་ཚུལ་ཏུ་བྱ་དགའི་འཛིན་ཡིག་དང་དངོས་པོའི་ལེགས་སྐྱེས་འབུལ་ནས་སློབ་གྲོགས་ཡོངས་ཀྱི་མདུན་དུ་དྲན་རྟེན་མཉམ་པར་བསྐྱོན་ཏེ་སློབ་མ་རྣམས་ལ་རྟིང་སྐུལ་དང་རྗེས་ཕྱོགས་དུས་རྒྱུན་གྱི་ལས་བྱ་བཤུ་འབྲི་མི་བྱེད་པར་རང་ནུས་ཀྱིས་ནན་ཏན་དང་གྲལ་དག ངོས་གཙང་ཅན་གྱི་ལས་བྱ་བཟང་བོ་ཞིག་བསྒྲུབ་དགོས་པར་སྐུལ་སློང་བྱས་སོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...