སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་དམངས་གླུ་དང་གཏམ་དཔེ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ།
རྩོམ་པ་པོ། སྟག་རིག་འབྲུག་ཐར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-11-1 11:45:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     སྔོན་བྱོན་མེས་པོའི་སྲོལ་བཟང་རྒྱུད་འཛིན་དང་དར་སྤེལ་བྱ་རྒྱུ་ནི་གཞོན་རབས་པས་ཅིས་ཀྱང་དང་ལེན་བྱ་དགོས་པའི་ལས་དོན་གལ་ཆེན་ཞིག་ཡིན། དུས་ཀྱི་འཕོ་འགྱུར་དང་བསྟུན་ཏེ་ད་ལྟའི་གཞོན་རབས་པ་དག་གིས་ཕ་མེས་ཡང་མེས་ཀྱིས་ང་ཚོར་བཞག་པའི་རིན་བྲལ་གྱི་ནོར་བུ་སྟེ། རི་བོ་ལས་དཔངས་མཐོ་ཞིང་རྒྱ་མཚོ་ལས་གཏིང་ཟབ་པའི་ངོ་མཚར་སྲོལ་རྒྱུན་རིག་གནས་སྦྱང་བརྩོན་ཐད་དུ་སྐྱ་ཟད་སྔོ་སྡུག་གི་ཚད་དུ་ལྷུང་ཡོད། དེ་བས་ང་ཚོས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཉམས་པ་སླར་གསོ་དང་མི་ཉམས་དར་སྤེལ་གཏོང་ཆེད། 2018ལོའི་ཟླ10པའི་ཚེས29ཉིན་གྱི་དགོང་མོར། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་རའི་རིག་གནས་འཛུགས་སྐྲུན་ལས་དམངས་གླུ་དང་གཏམ་དཔེ་འགྲན་བསྡུར་གྱི་བྱ་འགུལ་ཞིག་སྤེལ་བ་ཡིན།
     བྱ་འགུལ་དགོང་ཚོགས་འདི་འཁྲུག་ཆ་དོད་པོ་ཡོང་ཆེད་གླུ་བ་ཟོན་ཐར་དང་གླུ་མ་དངོས་གྲུབ་འཚོ། གཏམ་བཤད་པ་དགེ་རྒན་རིན་ཆེན་ཕུན་ཚོགས་གསུམ་ཆེད་དུ་གདན་ཞུ་ཞུས་ཤིང་། ཐོག་མར་གླུ་བ་ཟོན་ཐར་གྱིས་སང་སང་གླུ་སྐད་སྙན་འགྱུར་ངག་ལ་དྲངས་ཏེ་ཐེངས་འདིའི་བྱ་འགུལ་གྱི་སྒོ་གླེགས་ཕྱེས།
     རེབ་འདིའི་འགྲན་བསྡུར་ལ་དམངས་གླུ་དང་གཏམ་དཔེ་རིམ་པ་གཉིས་སུ་བཀར་ནས་ཐོག་མའི་སྐྱ་འགྲན་གྱི་སློབ་མ30ལྷག་ལས་རྟིང་རྩོད་འགྲན་བསྡུར་དུ་སློབ་མ་ཕོ་མོ19ཞུགས་ཐུབ་པ་བྱུང་ཞིང་། སྐར་འགོད་པ་རྣམ་པས་ཀྱང་དྲང་བདེན། འདྲ་མཉམ། གཟུ་བོའི་སྒོ་ནས་དཔྱད་འཇོག་མཛད། འགྲན་བསྡུར་གྱི་གོ་རིམ་ཁྲོད་དུ་འགྲན་ཞུགས་པ་རེ་རེས་ལག་ཏུ་ལྷ་རྫས་ཁ་བཏགས་བཟུང་ཞིང་བོད་ཀྱི་དམངས་གླུ་ལེན་སྐབས་འགྲོ་གོམ་པའི་ལྡེམ་ཕྱོགས་དང་ལུས་གཟུགས་གཞི་འཁོར་ཕྱོགས་སོགས་གཅིག་ལས་གཅིག་ལྷག་གི་དྲུག་འགྱུར་ངག་གི་སྒོ་མོ་ལས་བྱ་ཀ་ལ་པིང་གའི་གསུངས་སྐད་ལ་ཅོ་འདྲི་བའི་གླུ་སྐད་དང་ངག་གི་འགྱུར་ཁུགས་རེ་རེ་ཡིས་རྒྱ་ཆེའི་དགེ་སློབ་ཡོངས་ཀྱི་མིག་དབང་ཅིག་ཅར་ཏུ་འཕྲོག སྙན་དབང་གི་གསོས་སུ་སྨིན་པས་དགའ་སྤྲོའི་ཐལ་མོ་ལྷང་ལྷང་རབ་ཏུ་མཆེད་ཅིང་གླུ་འགྱོག་གི་གདངས་དབྱངས་དེ་ལས་ཀྱང་སྙན་ཆ་དོད། མ་ཟད་སྔོན་བྱོན་སྲིད་པ་རྒན་པོའི་གཏམ་དྲི་མ་མེད་པ་སྦྱོང་བརྡར་དང་བསྡུ་སྒྲིག་ལེགས་པོ་བྱས་ཏེ་མེས་པོའི་རང་མདངས་མ་ཡལ་པའི་གཞོན་སྐྱེས་གཏམ་བཤད་པ་ཚོས་ཀྱང་བསྟོད་པ་དང་སྨད་པ། སྟོན་བཤད་སོགས་འོས་འགྲིག་མོ་ཞིག་རྒྱ་ཆེའི་གཟིགས་མཁན་རྣམ་པའི་སྙན་གྱི་བུ་རམ་དུ་ཕུལ།  རེབ་འདིའི་གླུ་བ་གླུ་མ་དང་གཏམ་བཤད་པ་ཚོ་ཆ་སྙོམ་གྱི་ལོ་ཚད་ཅུང་ཆུང་ནའང་། རང་བྱུང་ལྷན་སྐྱེས་ཀྱི་གླུ་སྐད་དྭངས་མོ་དང་ཕ་མའི་མཛུབ་སྟོན། རྒན་གྱི་ཟུར་ཁྲིད་བཅས་ལས་གཏམ་དཔེ་ཤོད་སྟངས་ཐད་དུའང་མངོན་གསལ་སྒོས་ཡར་རྒྱས་ཅུང་བྱུང་འདུག
     ཐེངས་འདིའི་འགྲན་བསྡུར་གྱི་དམངས་གླུའི་སྐོར་ལས་དམའ་འབྲིང་དང་པོའི་སློབ་བུ་རིན་ཆེན་བཀྲ་ཤིས་ཀྱིས་ཨང་དང་པོའི་བྱ་དགའི་རྟགས་མ་བླངས་ཤིང་། གཏམ་དཔེའི་སྐོར་ལས་དམའ་འབྲིང་གཉིས་པའི་སློབ་བུ་གཡང་ཕྱུག་རྡོ་རྗེ་ཡིས་བྱ་དགའ་ཨང་དང་པོ་བླངས། རིམ་བཞིན་དུ་ཨང་གཉིས་པ་དང་། ཨང་གསུམ་པ། རྟིང་སྐུལ་བྱ་དགའ་བཅས་ཨང་རིམ་མཐོ་དམའ་ལྟར་དུ་བྱ་དགའི་དཔང་ཡིག་དང་སློབ་སྦྱོང་མཁོ་ཆས་ཀྱི་དངོས་པོ་གྱ་ནོམ་པ་བྱིན། རེབ་འདིའི་འགྲན་བསྡུར་བརྒྱུད། གསར་སྐྱེས་ན་གཞོན་གྱི་གླུ་བ་གླུ་མ་དང་གཏམ་བཤད་པ་སྐོར་ཞིག་སྐྱེད་སྲིང་བྱེད་ཐུབ་པ་བྱུང་ལ། མ་འོངས་སློབ་སྦྱོང་གི་འཚོ་བའི་ཞོར་དུའང་མུ་མཐུད་དུ་བོད་ཀྱི་སྲོལ་རྒྱུན་རིག་གནས་སྣ་མང་ལ་སྦྱོང་བ་མཐིལ་ཕྱིན་པ་བྱས་ཏེ། འཇོན་ནུས་ཅན་གྱི་མི་སྣ་མང་པོ་སྐྱེད་སྲིང་བྱ་བར་ཤུགས་ཆེན་པོ་སྣོན་དགོས། འགྲན་བསྡུར་འདི་བརྒྱུད་ནས་སློབ་མ་ཇི་སྙེད་ཅིག་གིས་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་དམངས་གླུ་དང་གཏམ་དཔེ་ལ་དགའ་ཞེན་ཇེ་ཆེ་དང་སྤྲོ་བ་ཇེ་འཛོམས་སུ་གྱུར་ཡོད་པར་ཡིད་ཆེས་ཅུང་ཆེ་བས། རེབ་འདིའི་སློབ་རའི་རིག་གནས་འཛུགས་སྐྲུན་ལས་དམངས་གླུ་དང་གཏམ་དཔེ་འགྲན་བསྡུར་སྤེལ་བའི་དམིགས་སྒོ་ཡང་བདེ་ལེགས་ངང་འགྲུབ་སོང་སྙམ་པའི་ཁས་འཆེའོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...