སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་ཆོས་རྣམ་ཀུན་བཏུས་ཀྱི་བྱ་འགུལ་སྤེལ།
རྩོམ་པ་པོ། རྡོ་རྗེ་འཇིགས་བྱེད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-18 11:06:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


བྱ་འགུལ་ཡུལ་དངོས།


བྱ་འགུལ་ཡུལ་དངོས།


བྱ་འགུལ་ཡུལ་དངོས།

     སློབ་རའི་རིག་གནས་ཀྱི་མཁའ་དབུགས་འཛུགས་སྐྲུན་དང་སློབ་མའི་ཤེས་བྱའི་རྨང་གཞི་སྲ་བརྟན་དུ་གཏོང་བའི་སླད་དུ། ཉེ་ལམ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་མཐོ་གཅིག་རིམ་པའི་སློབ་གྲོགས་རྣམས་ལ་ཆོས་རྣམ་ཀུན་བཏུས་ཀྱི་བྱ་འགུལ་སྤེལ།
     ཐེངས་འདིའི་བྱ་འགུལ་ནི་མཐོ་གཅིག་ལོ་རིམ་ཁག་དང་མཐོ་གཅིག་གི་བོད་སྐད་ཡིག་དགེ་རྒན་རྣམས་ཀྱིས་གཙོ་སྒྲུབ་དང་། བོད་ཡིག་ཁྲིད་དཔྱོད་ཁག་གིས་རོགས་སྒྲུབ་བྱས་ཏེ་སྤེལ་བ་ཡིན་ཞིང་། བྱ་འགུལ་གྱི་ནང་དོན་ལ་དམའ་འབྲིང་དང་མཐོ་འབྲིང་གཉིས་ཀྱི་བོད་སྐད་ཡིག་གི་སྦྱངས་ཟིན་པའི་ཤེས་བྱ་གཙོར་བྱས་ཏེ་རྒྱའི་སྐད་ཡིག་དང་རིག་ཚན་ཕྱོགས་བསྡུས། རྩིས་ཚན་ཕྱོགས་བསྡུས་ཀྱི་ཤེས་བྱ་རེ་འགས་ཟུར་བརྒྱན་བྱས་པའི་དྲི་གཞི་བཞི་བརྒྱ་ལྷག་གིས་གྲུབ།
     མཐོ་གཅིག་རིམ་པའི་འཛིན་གྲྭ་བཅུ་གསུམ་གྱི་ཚབ་ཞུགས་སློབ་མ52བྱ་འགུལ་གྱི་འགྲན་རིམ་ལ་ཞུགས་ཤིང་། བྱ་འགུལ་གྱི་བརྒྱུད་རིམ་ནི་འགྲན་ཞུགས་སློབ་གྲོགས་ཚང་མས་ངེས་པར་ལན་གདབ་དགོས་པའི་ངེས་ལན་དང་འཛིན་གྲྭ་རེ་རེས་དྲི་གཞི་གཅིག་རེར་ལན་འདེབས་པའི་གདམ་ལེན། དྲི་གཞི་གཅིག་འཕྲོག་རེས་ཀྱི་འཕྲོག་ལན་འདེབས་པ་སོགས་ཀྱི་རྣམ་པ་མི་འདྲ་བའི་དྲི་གཞི་དང་། གཞན་འཇོན་ནུས་འཁྲབ་སྟོན་སོགས་ཀྱི་རྣམ་པས་འགྲན་རིམ་སྐོར་ཐེངས་གསུམ་བརྒྱུད་དེ་མཐར་འཛིན་གྲྭ་དང་པོ་དང་ལྔ་བ། བརྒྱད་པ། བཅུ་བ་སོགས་ལ་ཐུན་མོང་གི་བྱ་དགའ་ཐོབ།
     འགྲན་རིམ་དུ། འགྲན་ཞུགས་སློབ་གྲོགས་ཚོའི་སྤོབས་པ་གཟེངས་སུ་བཏེགས་ཤིང་རང་ཉིད་ཀྱི་སྦྱངས་ཟིན་པའི་ཤེས་བྱར་ཟུང་འབྲེལ་གྱིས་དྲི་བ་སོ་སོར་ཚད་ཡོད་ཀྱི་དུས་ཚོད་ཁྲོད་ལན་བཏབ་པ་ཚད་དང་རན་ཞིང་། ཐུན་མོང་གི་ཁོག་དཔུང་དང་ལ་རྒྱ་དམ་དུ་བཟུང་ནས་དྲི་གཞི་བརྩོན་ལེན་བྱས་པ་ཤིན་ཏུ་ལེགས་པས། བྱ་འགུལ་གྱི་ཡུལ་དངོས་ལ་འགྲན་རྩོད་ཀྱི་རང་བཞིན་ཆེས་ཆེར་ལྡན་པར་བྱས་པ་ལས་གཞན། དབུགས་གསོའི་འགྲན་རིམ་དུ་འཇོན་ནུས་འཁྲབ་སྟོན་གྱི་རྣམ་པར་ཡང་གར་ཆུང་དང་ཞབས་བྲོ། དམངས་གླུ། གླུ་དབྱངས་སོགས་མང་བས་དགེ་སློབ་ཡོངས་ལ་སྤྲོ་སྣང་ཡང་མི་དམན་པ་སྦྱིན།
     བྱ་འགུལ་འདི་ནི་སློབ་གྲྭའི་སྔོན་གྱི་དུས་གང་ལའང་སྤེལ་མ་མྱོང་བའི་སློབ་མའི་ཕྱོགས་ཡོངས་ཀྱི་ནུས་ཚད་ཚད་འཇལ་གྱི་གཞི་རྒྱ་ཆེས་ཆེ་བའི་བྱ་འགུལ་ཞིག་ཡིན་པ་དང་། བྱ་འགུལ་གྱི་རྣམ་པ་དང་ནང་དོན་སོགས་ཕྱོགས་གང་ཐད་ནས་སློབ་མའི་བློ་ཁ་དང་འཚམས་ཤིང་སློབ་སྦྱོང་གི་སྤྲོ་བ་བསྐྱེད་པའི་ནུས་པ་རྒྱ་ཆེར་ལྡན་པར་མ་ཟད། སློབ་རའི་སློབ་སྦྱོང་གི་འཚོ་བར་སྐུལ་སློང་དང་སྒུལ་ཤུགས་སྔ་ན་མེད་པ་ཞིག་སྦྱིན་ཏེ་རང་རང་གི་དགའ་ཕྱོགས་བསྐྱེད་སྲིང་དང་འཇོན་ནུས་སྔོགས་འདོན་བྱས་ནས་སློབ་སྦྱོང་ལ་ཡིད་ཆེས་དང་སྤོབས་པས་འཇུག་པར་ནུས་པ་བླ་ལྷག་ཐོན་ནོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...