སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
«དཔེ་ཀློག་གི་ཐབས་ལམ»བཀླགས་པའི་དཔྱད་མཆན།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-2-11 9:20:00 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།

   དཔེ་ཆ་དང་ལས་འབྲེལ་ཡོད་པའི་སྐོར།
 སྤྱིར་དཔེ་ཀློག་ནི་སྐྱ་སེར་ཕོ་མོ་དང་རྒན་དར་གཞོན་གསུམ།དེ་མིན་དཔོན་འབངས་དང་དབུལ་ཕྱུག་སོགས་མེད་པར་མི་ཡོད་དོ་ཅོག་གི་མི་ཚེ་དོན་ལྡན་ཡོང་བའི་ཐབས་ལམ་གཅིག་པོ་ཡིན་ཞེས་དཔྱོད་ལྡན་དག་གིས་སྨྲ་ལ།དཔེ་ཀློག་གིས་ཁྱོད་ཀྱི་བསམ་བློ་དང་མི་གཤིས།རིན་ཐང་སོགས་བླ་ན་མེད་པ་ཞིག་ཏུ་བསྒྱུར་སྲིད་པས།མི་ཚེ་གང་པོར་དཔེ་ཀློག་ལ་གཞོལ་རྒྱུ་ནི་གལ་འགངས་ཆེ་བ་ཞིག་རེད།ང་ཚོས་འདི་ལྟར་བསམ་ཆོག་སྟེ།སྤྱི་ཚོགས་སྟེང་གི་ཞ་ར་དང་འོན་པ།སྨྱོན་པ་དང་ལྐུགས་པ་སོགས་དབང་པོ་སྐྱོན་ཅན་རྣམས་དང་བསྡུར་ན་ང་ཚོ་ལ་སློབ་སྦྱོང་དང་དཔེ་ཀློག་གི་ཆ་རྐྱེན་གཞལ་དུ་མེད་པ་དེ་ཚང་ཡོད།རྒྱའི་བཤད་སྲོལ་ལ།བདེ་ཐང་ནི་གསར་བརྗེའི་མ་གདན་ཡིན་ཟེར་བ་བཞིན་གོ་སྐབས་འདི་འདྲ་གཅེས་སུ་འཛིན་རྒྱུ་ནི་གལ་ཆེ་བ་ཞིག་རེད།གཞན་ཡང་ན་སོ་གཞོན་པ་དང་སློབ་སྐལ་རྙེད་པ་སོགས་ནི་མི་གང་ཡིན་ཡིན་ལ་ཐོབ་པ་ཞིག་མིན་པས་གོ་སྐབས་འདི་འདྲ་གཅེས་སུ་འཛིན་རྒྱུ་ནི་རང་ཉིད་མི་གང་འདྲ་ཞིག་ཏུ་བསྒྱུར་རྒྱུའི་གནད་ཀྱི་དམ་པ་ཡིན་ནོ། །
   དང་པོ།དཔེ་ཆ་ཀློག་པའི་དགེ་བའམ་ཅིའི་ཕྱིར་བཀླག་དགོས་པ།
དཔེ་ཆ་ཀློག་པའི་དགེ་བ་ནི་གནས་ལུགས་ལ་དཔྱོད་པའི་ཤེས་རབ་འཕེལ་བར་བྱས་ཏེ་རང་སྟེང་གི་ནོར་འཁྲུལ་དང་རང་ཉིད་ངོས་ཟིན།རང་གི་རིན་ཐང་སོགས་ཤེས་པའི་རྨང་གཞིའི་སྟེང་རང་གི་བསམ་བློ་དང་མི་གཤིས་ཀུན་སྤྱོད།རིན་ཐང་འདུ་ཤེས་སོགས་ལེགས་པོར་ཚུགས་པར་བྱ་དགོས་པ་དེ་རེད།དེ་ལྟར་ཡོང་དགོས་ན་དཔེ་ཆ་མང་པོ་ཞིག་ཀློག་དགོས་ཡོད་དེ།བཤད་རྒྱུན་ལ་ཇི་ལྟར་དཔེ་ཀློག་མང་བ་དེ་ལྟར་དཔེ་ཀློག་ལ་གོམས་པར་འགྱུར་ལ།ཇི་ལྟར་དཔེ་ཀློག་ལ་གོམས་པར་འགྱུར་བ་དེ་ལྟར་དཔེ་ཀློག་ལ་མཁས་པར་ཡང་འགྱུར་ཞེས་པ་དེ་བཞིན་ཡིན་པ་རེད། ང་ཚོས་དཔེ་ཀློག་བྱས་ཏེ་ལོ་ངོ་སྟོང་ཕྲག་སྔོན་གྱི་མི་རྣམས་ཀྱི་བསམ་བློ་རྟོགས་ཐུབ་པར་མ་ཟད་དེ་དག་ལ་ཁ་བརྡ་བྱེད་ཆོག་པ་དང་། ང་ཚོས་སྔོན་ཐོན་རྒྱལ་ཁབ་དང་སྔོན་ཐོན་མི་རིགས་དག་གི་གནས་ཚུལ་གསལ་པོར་རྟོགས་ཐུབ་པ་ཡིན། ང་ཚོས་གོམ་པས་འཇལ་མི་ཐུབ་པའི་ས་དང་མིག་གིས་མཐོང་མི་ཐུབ་པའི་ས་རུ་ཡི་གེ་ཐོན་ཐུབ་པས་རང་གི་མཐོང་རྒྱ་བསྐྱེད་དགོས་ན་དཔེ་ཀློག་ལས་གཞན་ཞིག་ཡོད་པ་མ་རེད། ང་ཚོར་ཐབས་ལམ་གཅིག་ཡོད་པ་ནི་མི་རྣམས་ཀྱིས་དཔེ་ཀློག་མང་ཙམ་བྱེད་དགོས་པ་དེ་རེད། དེ་ནི་མི་རིགས་སྤྱི་ལ་སེམས་ཁུར་བྱེད་མཁན་གྱི་མི་སྣ་དག་གི་ནུས་པ་ཞིག་ཡིན། གཞན་ཡང་རང་རང་གི་ལྟག་རྒྱབ་ན་རེ་བའི་ཕ་མ་དང་རང་རང་གི་ཆེད་དུ་སློབ་གཉེར་བྱེད་དགོས།དེ་གསལ་པོ་ཞིག་མ་བཤད་ཀྱང་ཚང་མས་གསལ་པོར་ཤེས་པས་འདི་ཙམ་གྱིས་འཐུས་པར་བྱ།
  གཉིས་པ།བཀླག་བྱའི་དཔེ་ཆ་ཡང་དག་གདམ་དགོས་པ།
  ང་ཚོས་མིག་ལ་ཐོགས་ཚད་དང་ལག་པས་རེག་ཚད་ཀྱི་དཔེ་དེབ་ཡོད་རྒུ་བཀླག་དགོས་ཚེ། མིག་སྟོང་ཅན་ཡིན་རུང་ངལ་བར་འགྱུར་ཞེས་པ་བཞིན་དཔེ་ཆ་མང་པོ་ཞིག་ཐུང་ཐུང་གི་མི་ཚེ་གཅིག་ལ་བལྟ་མི་ཐུབ་པ་ཁོ་ཐག་ཡིན།དེ་བས་ངེས་པར་དཔེ་ཆ་བཟང་པོ་ལ་བལྟ་རྒྱུ་ཤིན་ཏུ་གལ་ཆེ།དེབ་ཞིག་ལས་གསལ་བ་ལྟར་གཞོན་ནུ་ཞིག་འཚར་ལོངས་འབྱུང་བའི་གནད་འགག་གི་དུས་སུ་དཔེ་ཆ་ཡིས་དེའི་མི་ཚེའི་ལམ་བུ་གདམ་དུ་འཇུག་པར་བྱེད་དེ།གལ་ཏེ་ཡར་སྐུལ་གྱི་དཔེ་ཆ་བཀླགས་ན་བརྩོན་འགྲུས་ཀྱི་གོ་ཆ་གྱོན་པར་འགྱུར་ཞིང་།གལ་ཏེ་འདོད་ཆགས་དང་བཙན་ཤེད་ཀྱིས་དཔེ་ཆ་བཀླགས་ན་ལོག་ལམ་འཕྱན་པར་འགྱུར་འགྲོ་བ་རེད།དེ་ལས་ཀྱང་གལ་ཆེ་བ་ནི་རང་རང་གི་མི་ཚེའི་ཁ་ཕྱོགས་དང་འཚམ་པ།དམིགས་ཡུལ་དང་འབྲེལ་བ་ཡོད་པ།ཆེད་ལས་དང་འབྲེལ་བའི་དཔེ་ཆར་བལྟ་དགོས།འདིར་དེབ་ནང་གི་དཔེ་མཚོན་ཙམ་བགྲངས་ན་ཀྲོའུ་ཐུའོ་རིན་གྱིས་ཕྱོགས་ལྔ་ནས་དཔེ་ཀློག་གི་རེ་བ་བཏོན་ཡོད་པ་རེད།གཅིག་ནི་རང་ཉིད་མི་སྒེར་ཞིག་ཡིན་པའི་ཆ་ནས།ངེས་པར་སྐྱེ་མཆེད་རིག་པ་དང་སེམས་ཁམས་རིག་པ།གསོ་རིག་གི་ཤེས་བྱར་བལྟ་དགོས།དེ་ལས་སྐྱེ་མཆེད་རིག་པ་སྟེ་ཚད་མ་རིག་པའི་སྐོར་གྱི་ཤེས་བྱར་ཐོག་མར་བལྟ་དགོས།གཉིས་ནི་འགྲོ་བ་མི་ཞེས་པ་ངོ་ཟིན་པའི་ཆེད་དུ་ངེས་པར་སྐྱེ་དངོས་རིག་པ་དང་སྤྱི་ཚོགས་རིག་པ།དམངས་སྲོལ་རིག་པ་དང་ལོ་རྒྱུས་རིག་པའི་ཕྱོགས་ཀྱི་ཤེས་བྱར་བལྟ་དགོས།གསུམ་ནི་མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བར་རྒྱུས་ལོན་བྱེད་ཆེད།གནམ་རིག་དང་ས་ཁམས་རིག་པ།དངོས་ལུགས་རིག་པ།རྫས་འགྱུར་རིག་པ་སོགས་ཀྱི་ཤེས་བྱར་བལྟ་དགོས།བཞི་ནི་ཚན་རིག་གི་རྨང་གཞི་འཇོག་པའི་ཆེད་དུ།རྩིས་རིག་དང་མཚན་ཉིད་རིག་པའི་ཤེས་བྱར་བལྟ་དགོས།ལྔ་ནི་སྒྱུ་རྩལ་ལ་བློ་སྦྱོང་ཡོད་པའི་ཆེད་དུ།ལྷ་སྒྲུང་དང་རྩོམ་རིག སྒྱུ་རྩལ་དང་སྒྱུ་རྩལ་རིག་པའི་ལོ་རྒྱུས་ལ་བལྟ་དགོས་སོ། །
   གསུམ་པ། དཔེ་ཆར་ཇི་ལྟར་བལྟ་དགོས་པའི་སྐོར།
   དེ་ཡང་ང་ཚོས་རྒྱུགས་ཤོག་འབྲི་བ་ནང་བཞིན་སླ་བ་རྣམས་སྔོན་ལ་བལྟ་བ་དང་དཀའ་བ་རྣམས་རྗེས་ལ་བལྟས་ན་ཕན་ཐོགས་ཡོད་ངེས། ང་ཚོས་རྒྱུན་པར་དཔེ་ཆར་བལྟས་པའི་རོ་བྲོ་དེ་མྱངས་ནས་དཔེ་ཆར་བལྟ་བའི་གོམས་གཤིས་ཆགས་དགོས། གཙོ་བོ་དགའ་བཞིན་སྤྲོ་བཞིན་ལྟ་བ་དང་ཤེས་འདོད་ཀྱིས་ལྟ་བ།རང་ཉིད་ལ་ཡིད་ཆེས་ཡོད་བཞིན་ལྟ་བ།ལག་ལེན་དང་སྦྲེལ་ནས་ལྟ་བ་ཤིན་ཏུ་གལ་ཆེན་ཞིག་རེད།ང་ཚོས་རང་རང་གི་མོས་པ་བཞིན་རང་ལ་ཕན་ཐོགས་པ་ཞིག་ཡིན་ན་མགོ་ནས་མཇུག་བར་དུ་ཀློག་དགོས་ལ།དེ་ནས་ཅུང་དགོས་གལ་ཆུང་བ་ཞིག་ཡིན་ན་བམ་ཀློག་བྱེད་པས་ཆོག ཡང་ཁ་ཤས་མགོ་བརྗོད་དང་མཇུག་བྱང་ལ་བལྟས་པས་ཆོག་ལ། ཁ་ཤས་དཀར་ཆག་ཁོ་ནར་བལྟས་པས་ཆོག་པ་ཡིན།དེ་བཞིན་ང་ཚོས་རྩོམ་ཡིག་ཅིག་ཀློག་ན་ཡང་ཁ་ཤས་ནང་དོན་གནད་བསྡུས་ལ་བལྟས་པས་ཆོག་ལ།ཁ་ཤས་ཤིག་ས་བཅད་གཅིག་གམ་དུམ་ཚན་གཅིག་ལ་བལྟས་པ་ཙམ་གྱིས་ཆོག་པ་རེད། འདིར་རྨེ་གྲྭ་ཚེ་རིང་བསམ་གྲུབ་ཚང་གིས་དཔེ་ཀློག་ལ་མཁས་དགོས་ན་ཐབས་ལམ་ཕྱོགས་དྲུག་ཙམ་བསྟན་ཡོད་པ་ནི་ཞིབ་ཀློག བསམ་གཞིག་གིས་ཀློག་པ།བསྐྱར་ཀློག མྱུར་ཀློག བམ་ཀློག བསྡུར་ཀློག་བཅས་ཡིན་པ་རེད།འདིའི་ལུགས་དང་མི་མཐུན་པའི་ལྟ་ཚུལ་མང་པོ་ཞིག་ཡོད་པས་དཔེ་ཆར་དགའ་བའི་མི་ཞིག་ཡིན་ན་དཔེ་ཆ་འདི་ཁྱོད་ཀྱི་གྲོགས་པོར་འགྱུར་ན་འདིས་ཕན་པ་རྒྱ་ཆེན་པོ་ཐོབ་པ་གདོན་མི་ཟའོ། །
«དཔེ་ཀློག་གི་ཐབས་ལམ»ཞེས་པ་བཀླགས་པའི་དཔྱད་མཆན།
  བཞི་པ། རང་ཉིད་ཀྱི་དགའ་ཕྱོགས་བཞིན་དཔེ་ཆར་བལྟ་དགོས། དེ་ཡང་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་གསུངས་མྱོང་བ་བཞིན་རི་མོ་བའི་ཁྱིམ་གྱི་དཔེ་སྒྲོམ་དུ་རི་མོ་དང་འབྲེལ་བའི་དཔེ་ཆས་གང་ཡོད་པ་དང་རྩོམ་རིག་པའི་ཁྱིམ་གྱི་དཔེ་སྒྲོམ་དུ་གཙོ་བོ་རྩོམ་རིག་སྐོར་གྱི་དཔེ་ཆས་གང་ཡོད་པ།ཁེ་ལས་པའི་ཁྱིམ་གྱི་དཔེ་སྒྲོམ་སྟེང་དུ་གཙོ་བོ་ཚོང་ལས་སྐོར་གྱི་དཔེ་ཆས་གང་ཡོད་པ།དེ་བཞིན་ཁྲིམས་ལུགས་ཆེད་མཁས་པའི་ཁྱིམ་གྱི་དཔེ་སྒྲོམ་དུ་གཙོ་བོ་ཁྲིམས་ལུགས་སྐོར་གྱི་དཔེ་ཆས་གང་ཡོད་པ་ནི་དཔེ་མཚོན་གཙོ་བོ་ཉིད་དེ། མི་རེ་རེའི་མི་ཚེའི་འཚོལ་སྙེག་མ་འདྲ་བ་ལས་གང་བལྟ་བྱའི་དཔེ་ཆའི་གདམ་གསེས་ཀྱང་མི་འདྲ་བ་འབྱུང་གིན་ཡོད་པ་རེད། དེ་ནི་གཙོ་བོ་རང་རང་གི་དགའ་ཕྱོགས་རེད། འཚོ་བ་སྐྱེལ་སྟངས་ཤིག་ཀྱང་རེད་སྙམ། དགའ་ཕྱོགས་ནི་ཆེས་མཆོག་ཏུ་གྱུར་པའི་དགེ་རྒན་ཡིན་ཞེས་པ་ནང་བཞིན་རང་གི་བསམ་བློའི་མ་ལག་དང་དམིགས་བྱ་ལ་འཚམ་པའི་ཆ་དེ་འཛིན་རྒྱུ་དང་རང་རང་གི་མོས་པ་བཞིན་དཔེ་ཆ་ཀློག་རྒྱུ་ནི་གཙོ་གནད་ཡིན་ནོ།
   ལྔ་པ། རང་གི་བློ་ཁ་དང་འཚམ་པའི་དཔེ་ཆར་བལྟ་དགོས།
   དེ་ཡང་དཔེ་མང་ཀློག་པ་ཤེས་རབ་འཆལ་བའི་རྒྱུ་ཡིན་ཞེས་པ་ནང་བཞིན་དཔེ་ཆ་ཡོད་རྒུ་ཀློག་དགོས་ན་དེ་དཀའ་མོ་ཞིག་རེད། གཙོ་བོ་རང་གི་མི་ཚེའི་ཁ་ཕྱོགས་དང་འཚམ་པ།དམིགས་ཡུལ་དང་མཐུན་པ། ཆེད་ལས་དང་འབྲེལ་ཡོད་དག་གདམ་དགོས་པ་རེད། ངའི་ཉེ་འཁོར་གྱི་མི་མང་ཤས་ཤིག་གིས་གཞུང་ལུགས་དང་བསྟན་བཅོས་སོགས་ལ་མཇལ་དགོས་ཟེར་ནས་དཔེ་ཀློག་གི་གཟུགས་བརྙན་འཛིན་རྒྱུར་ཤིན་ཏུ་དགའ།སྤྱིར་མི་ཚེ་ཤེས་རབ་ལ་གཏད་པའི་མི་ཞིག་གི་ངོས་ནས་གཞུང་དང་བསྟན་བཅོས་སོགས་ལ་མཇལ་དགོས་པ་ལོས་ཡིན་མོད།ལས་དང་པོ་བ་ཞིག་གི་ངོས་ནས་ཆོས་ཀྱི་བྱིན་རླབས་ཤིག་ཡིན་སྲིད་མོད།སློབ་སྦྱོང་གི་སྤུས་ཚད་ཤིན་ཏུ་ཞན་པ་རེད།ཅིའི་ཕྱིར་ཞེ་ན་ང་ཚོས་སློབ་སྦྱོང་དང་འབྲས་བུ་ངེས་ཅན་ཞིག་མ་བསགས་ན།དེའི་བསམ་བློའི་སྙིང་པོ་རྟོགས་ཐུབ་པ་མ་རེད།དེ་བས་རང་ཉིད་ཀྱི་བསམ་བློ་དང་མི་ཚེའི་རིན་ཐང་གི་ལྟ་ཚུལ་ལ་ལས་སྣོན་དང་འདུ་ཤེས་གསར་པའི་མ་རྐང་འཇོག་དགོས་ན་ངེས་པར་རང་གི་བསམ་བློ་དང་འཚམ་པའི་དཔེ་ཆར་བལྟ་དགོས།དེ་ཡང་སྡོམ་ཚིག་ཅིག་བཀོད་ན། སློབ་དཔོན་མར་མེ་མཛད་ཀྱིས།ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། ། ངང་བས་ཆུ་ལས་འོ་མ་ལེན་པ་ལྟར། ། ཐོག་མར་རང་གི་དགོས་པ་བསྒྲུབ་པར་བྱ། ། ཞེས་དཔེ་ཆ་ཀློག་དུས་ངང་བས་ཆུ་ལས་འོ་མ་ལེན་པ་ལྟར་གདམ་ང་བྱ་དགོས་ཤིང་།རང་གི་མི་ཚེའི་འཕྲལ་ཡུན་གཉིས་ཀ་ལ་ཕན་པའི་ཤེས་བྱ་དང་དཔེ་ཆ་གདམ་རྒྱུ་གལ་ཆེ།
   དྲུག་པ།བསམ་གཞིག་ཡོད་པའི་སྒོ་ནས་བལྟ་དགོས། དེ་ཡང་སྐུ་ཞབས་ཞོགས་དུང་གིས་བསམ་གཞིག་ཡོད་པའི་དཔེ་ཆ་པ་ནི་དཔེ་ཆའི་བདག་པོ་དང་།བསམ་གཞིག་མེད་པའི་དཔེ་ཆ་པ་ནི་དཔེ་ཆའི་བྲན་གཡོག་ཡིན་ཞེས་པ་བཞིན་གལ་ཏེ་མི་ཚེ་གང་པོར་དཔེ་ཆའི་ནང་དོན་ཁོ་ན་ལ་བལྟས་པ་ལས་རང་ཉིད་ལ་དབྱེ་འབྱེད་ཀྱི་བསམ་བློ་མེད་ཅིང་།རང་ཉིད་དཔེ་ཆའི་ནང་དོན་ཁོ་ན་ལྟར་བཀོལ་སྤྱོད་བྱེད་པ་ཡིན་ན།རང་ཉིད་དཔེ་ཆའི་བྲན་གཡོག་ཏུ་འགྱུར་བ་རེད།རང་ཉིད་ལ་བསམ་བློ་མེད་བཞིན་དཔེ་ཆ་མང་པོ་ཞིག་ཁོང་དུ་ཆུད་པའི་མི་དེ་ནི་བོང་བུ་ལ་དཔེ་ཆ་རྒྱབ་གང་བཀལ་བ་དང་འདྲ་ཞེས་གསུངས་པ་བཞིན་བསམ་གཞིག་སྔོན་དུ་འགྲོ་རྒྱུ་ནི་གལ་ཆེ།མཁས་པ་མང་པོ་ཞིག་ནི་རང་གི་བསམ་གཞིག་དང་དཔེ་ཀློག་གཉིས་ཟུང་འབྲེལ་བྱས་ཏེ་བྱུང་བ་རེད།དེ་ལྟར་བྱས་པས་ཁོ་ཚོར་རང་རང་གི་བསམ་བློ་དང་ལྟ་བ།འདུ་ཤེས་སོགས་ཆགས་པ་རེད།བཤད་རྒྱུན་ལ་རང་ཉིད་ཀྱི་ཀླད་པ་མི་གཞན་གྱི་རྟ་རྒྱུག་སར་གཏང་མི་རུང་ཟེར་བ་དེ་བཞིན་དཔེ་ཆ་ཀློག་སྐབས་མི་གཞན་པས་ང་ཚོའི་ཚབ་བྱས་ཏེ་བསམ་བློ་གཏོང་བཞིན་ཡོད།ང་ཚོས་ང་ཚོའི་ཀླད་པ་དེ་མི་རྣམས་ཀྱི་བསམ་བློའི་འགུལ་སྐྱོད་ཀྱི་ར་བ་ཞིག་ལ་འགྱུར་དུ་འཇུག་མི་རུང་ངོ་། །


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...