སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཐོ་རྒྱུགས་ལ་རང་སྦྱོང་བྱེད་སྟངས་ཀྱི་སྐོར།
རྩོམ་པ་པོ། རྒན་ཚེ་འབར། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-4 10:26:00 རྩོམ་ཁུངས། མཚོ་སྔོན་པོའི་དྲ་བ། ཀློག་གྲངས།
མཐོ་རྒྱུགས་ལ་རང་སྦྱོང་བྱེད་སྟངས་ཀྱི་སྐོར།
འཆད་མཁན། རྒན་ཚེ་འབར།
ཡི་གེར་འགོད་མཁན།  ཕྲན་ཉི་ཟེར།
དང་བོ། དག་ཡིག་གི་སྐོར།
     སློབ་གྲོགས་རྣམ་པ་བདེ་མོ། དེ་རིང་སློབ་ཁྲིད་བྱེད་པའི་འགོ་རྩོམ། གཙོ་བོ་མཐོ་རྒྱུགས་ཀྱི་སྐད་ཡིག་ལ་ཁ་ཕྱོགས་ཏེ་བཤད་པ་ཡིན། བོད་ཁུལ་གྱི་སློབ་གྲྭ་སོ་སོའི་སློབ་མ་དང་དགེ་རྒན་གཉིས་ལ་རང་སྦྱོང་བྱེད་སྟངས་ཀྱི་ཐད་ནས་ཅུང་མི་འདང་ས་ཡོད་ལ་ཁ་ཕྱོགས་སུ་སོང་མེད་པའང་ཧ་ཅང་མང་བོ་འདུགང་རང་བོད་ཁུལ་གྱི་སློབ་གྲྭ་སོ་སོར་སོང་བ་ཡིན། དེ་བས་ངས་གནས་ཚུལ་དེ་ཤེས་ཡོད། གཙོ་བོ་ཁྱེད་ཅག་གིས་སྐད་ཡིག་དང་རྒྱ་ཡིག་གི་ཕྱོགས་ལ་རང་སྦྱོང་ནན་ཏན་བྱ་དགོས་ལ་དུས་ཚོད་མང་ཆེ་ཤོས་ཀྱང་དེར་བཀོལ་དགོས། རིག་ཚན་དང་རྩིས་ཚན་གང་ཡིན་ཡང་གཙོ་བོ་སྣ་འཛོམས་ཀྱི་ཕྱོགས་ལ་ངེས་པར་བལྟ་དགོས། ཉིས་སྟོང་བཅོ་ལྔ་ལོའི་རྒྱུགས་ཤོག་དག་གི་དྲི་བ་གཅིག་ཀྱང་མ་ལུས་པར་ངེས་པར་དུ་བལྟ་དགོས། གལ་སྲིད་ཁྱོད་རང་རྩིས་ཚན་ལ་རྒྱུགས་ལེན་མཁན་ཞིག་ཡིན་པའི་དབང་དུ་བཏང་ན་སྣ་འཛོམས་ཕྱོགས་ཀྱི་དྲི་བ་ཚང་མར་བལྟ་དགོས། རིག་ཚན་ཡིན་ནའང་གཅིག་རེད། ཐོག་མར་ཉིས་སྟོང་བཅོ་ལྔ་ལོའི་རྒྱུགས་ཤོག་ལ་བལྟས་རྗེས་རིམ་བཞིན་ཉིས་སྟོང་བཅུ་བཞི་ཡི་རྒྱུགས་ཤོག་སོགས་ལ་བལྟ་དགོས། དྲིས་ལན་ཡང་གཅིག་གཅིག་གཉིས་གཉིས་བྱས་ནས་བློར་འཛིན་དགོས། སློབ་དེབ་ནི་རྡོག་རྡོག་ཅིག་ཡིན་ལ་རྒྱུགས་ཤོག་ནི་དེའི་ནང་གི་གནད་འགག་དང་ཡང་ན་ངེས་པར་ཤེས་དགོས་པའི་ཤེས་བྱ་གལ་ཆེན་ཞིག་ཡིན་པ་སྨོས་མ་དགོས། ཡང་གཙོ་བོ་དྲིས་ལན་བློར་འཛིན་སྟངས་ཀྱི་ཐད་ལའང་ནོར་འཁྲུལ་ཆེན་པོ་འབྱུང་གི་ཡོད། དཔེར་ན། དྲི་བ་ཞིག་ལ་ལན་འདེབས་ཚེABCD བཞི་བོ་ལས་གང་རུང་ཞིག་གདམ་དགོས་ཀྱང་གཙོ་བོ་ལན་དེ་ངེས་པར་ཡིད་ལ་འཛིན་དགོས་པ་མ་གཏོགས། ནམ་ཡིན་ཡང་དེའི་ནང་གི་དཔེར་ནAཡིན་བསམ་ནས་ཡིད་ལ་བཟུང་བ་ཡིན་ན་དྲིས་ལན་གྱིABCDམགོ་མཇུག་ལྡོག་སྟེ་བཀོད་ཡོད་ན་ནོར་འཁྲུལ་ཧ་ཅང་འབྱུང་སླ། ཁ་སང་དེ་རིང་ཞིན་ཧྭ་དཔེ་ཁང་དང་དཔེ་ཁང་སོ་སོ་ན་འཚོང་རྒྱུ་ཡོད་པའི་མཐོ་རྒྱུགས་ཀྱི་བསྐྱར་སྦྱོང་དཔེ་དེབ་མང་བོ་ཡོད་ཀྱང་གཙོ་བོ་ལོ་རེའི་རྒྱུགས་ཤོག་ལ་ནན་ཏན་དུ་བལྟ་རྒྱུ་གལ་ཆེ། དགེ་རྒན་དང་སློབ་མ་མང་ཆེ་བས་ཀྱང་རྒྱུགས་ཤོག་གཙོ་བོར་མི་འཛིན་པར་ས་གནས་སོ་སོ་ན་འཚོང་རྒྱུ་ཡོད་པའི་བསྐྱར་སྦྱོང་དེབ་དག་གཙོ་བོར་འཛིན་པ་རེད། དེར་ཧ་ཅང་ཉེན་ཁ་ཆེ། ངེས་པར་དུ་གཙོ་བོ་རྒྱུགས་ཤོག་ལ་བལྟ་དགོས། རྒྱུགས་ཤོག་སུས་བཟོས་པ་རེད་ཅེ་ན་国家教育部རྒྱལ་ཁབ་སློབ་གསོ་པོའུ་ཡི་考试管理中心རྒྱུགས་རྟོག་ཁང་གིས་བཟོས་པ་ཡིན་ལ། དགེ་རྒན་མང་བོ་ཁྲིད་དེ་གནས་གཞན་ཞིག་ཏུ་སོང་རྗེས་ཟླ་གཉིས་ཀྱི་རིང་ལ་རྒྱུགས་ཤོག་བསྒྲིགས་པ་ཡིན་ལ། དེ་ལ་རྫས་འགྱུར་གྱི་ཆེད་ལས་མཁས་པ་བཅུ་ལྷག་དང་སྐད་ཡིག་ཆེད་ལས་མཁས་པ་བཅུ་ལྷག་དངོས་ལུགས་ཆེད་ལས་མཁས་པ་བཅུ་ལྷག་སོགས་ཡོད། དགེ་རྒན་དེ་དག་གིས་ལོ་རེར་རྒྱུགས་ཤོག་བསྒྲིགས་པའི་ཉམས་མྱོང་དང་思路རིགས་ལམ་དང་ཤེས་བྱ་སོགས་ལ་ཕལ་ཆེར་གཏན་འཇགས་ཀྱི་འདང་རྒྱག་སྟངས་ཤིག་ཡོད་ངེས། དཔེར་ན། མི་བཅུ་ལྷག་ཡོད་པའི་དབང་དུ་བཏང་ན་ད་ལོ་མི་བཞི་དང་སང་ལོ་མི་བཞི་སོང་ནས་རྒྱུགས་ཤོག་བསྒྲིགས་ཀྱིན་ཡོད་པ་རེད། ང་ལའང་དགེ་རྒན་དེ་དག་ལས་ངོ་ཤེས་མང་བོ་ཡོད་ལ་དེ་དག་གི་ཚོགས་འདུ་ལའང་ཞུགས་མྱོང་། གཙོ་བོ་ཉིས་སྟོང་བཅོ་ལྔ་དང་བཅུ་བཞི་བཅུ་གསུམ་སོགས་ཀྱི་རྒྱུགས་ཤོག་ལ་བལྟ་རྒྱུ་ཧ་ཅང་གལ་ཆེ། བལྟས་པ་ཙམ་དུ་མ་ཟད་ལན་འདེབས་ཤེས་དགོས། བོད་ཀྱི་བྱིས་པ་ཚོ་ལ་སྐྱོན་ཞིག་ཡོད་པ་ནི་དཔེ་དེབ་ཉོ་བར་མི་དགའ་བ་དང་དཔེ་དེབ་ཀློག་པར་དེ་ལས་ཀྱང་མི་དགའ། གཙོ་བོ་ཁ་པར་བསྣོག་རྒྱུར་ཧ་ཅང་དགའ་བ་དེ་རེད། ཁ་པར་ལ་བལྟས་ཏེ་ཡོན་ཏན་པར་གྱུར་བ་དང་། སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པ་ནི་མི་སྲིད་པ་ཞིག་ཡིན་པ་རེད། གལ་སྲིད་ཁྱེད་ཀྱིས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་འདོད་ན་ངེས་པར་དུ་རང་སྦྱོང་གི་དཔེ་དེབ་དེ་དག་ཉོ་དགོས། སྤྱིར་བཤད་ན། དཔེ་དེབ་བསྒྲིགས་པའམ་ཡང་ན་སློབ་གྲྭའི་རྒྱུགས་ཡིན་ནའང་འདྲ། སློབ་སྐབས་རེ་རེར་སློབ་རིམ་འཕར་བའི་རྒྱུགས་སོགས་གང་ཡིན་ཡང་སྐད་ཡིག་ལ་མཚོན་ན་གཞི་འཛིན་ས་གཙོ་བོ་ཞིག་ཡོད་པ་རེད། སློབ་ཆེན་ལ་རྒྱུགས་ལེན་ན་གཙོ་བོ་གང་ཡིན་པ་དང་དུས་རྒྱུན་དུ་རྒྱུགས་ལེན་ན་གཙོ་བོ་གང་ཡིན་པ་སོགས་གཏན་ཁེལ་བྱས་ཡོད་པ་རེད། 课程标准བསླབ་ཚན་ཚད་གཞི་ཡི་ནང་ལྟར་ཡིན་ན་སློབ་ཆུང་ལ་མཚོན་ན་མིང་དང་ཐ་སྙད་ཀྱི་སྐོར་ལ་སྟོང་གཉིས་དང་བཞི་བརྒྱ་ཤེས་དགོས། དམའ་འབྲིང་གི་སྐབས་སུ་སྟོང་གཅིག་དང་དྲུག་བརྒྱ་ཤེས་དགོས། མཐོ་འབྲིང་གི་སྐབས་སུ་སྟོང་གཅིག་དང་ཉིས་བརྒྱ་ཤེས་དགོས། མཐོ་འབྲིང་གི་སློབ་དེབ་ཀྱི་སློབ་ཚན་རེ་རེའི་མཇུག་ཏུ"གསོག་འཇོག་དང་བཀོལ་སྤྱོད"་ཟེར་བ་ཞིག་ཡོད་ལ་དེ་དག་གི་དག་ཆ་དང་ཚིག་བསྒྲིགས་པ། འགྲེལ་བཤད་སོགས་ལ་ངེས་པར་དུ་བྱང་དགོས། དག་ཆ་ཤེས་ན་མིང་དེ་ལ་ཡིག་ནོར་མི་འབྲི་བ་དང་འགྲེལ་བཤད་ཤེས་ན་དེའི་ནང་དོན་གོ་སོང་བ་རེད། དེས་ན་འདི་དག་གིས་ལོ་རེ་རེའི་མཐོ་རྒྱུགས་ཀྱི་སྐད་ཡིག་རྒྱུགས་ཤོག་གི་ཁྲོད་ནས་སྐར་མ་༩ནས་༡༢་ཟིན་པ་རེད། མཐོ་འབྲིང་གི་ངེས་སྦྱོང་གི་དེབ་ལྔ་བོར་དེབ་རེ་རེར་སློབ་ཚན་བཅོ་ལྔ་ཡོད་ལ་སྡེ་ཚན་རེ་རེར་སློབ་ཚན་གསུམ་གསུམ་ཡོད། སྡེ་ཚན་དང་བོའི་"བལྟ་ཀློག་དང་དབྱེ་ཞིབ"་རྗེས་ཀྱི་སློབ་ཚན་དེ་དག་གི་མཇུག་ན་"གསོག་འཇོག་དང་བཀོལ་སྤྱོད་"ཟེར་བ་ཞིག་ཡོད་ལ། དེའི་ནང་གི་མིང་དེ་ལ་མང་ན་བཅུ་ལྷག་དང་ཉུང་ན་བཞི་ལྔ་ཡོད། མིང་དེ་དག་ཐམས་ཅད་འགྲེལ་བཤད་བྱ་ཤེས་དགོས། དག་ཆ་ཤེས་དགོས། འདི་དག་ཀྱང་རང་སྦྱོང་བྱེད་ས་གཙོ་བོ་ཡིན། ཡང་དཔེ་དེབ་ཀྱི་ཁྲོད་ནས་གཙོ་བོ་ནི་ཞབས་མཆན་བཀོད་ཡོད་པའི་འགྲེལ་བཤད་དེ་དག་ཇི་མ་ཇི་བཞིན་དུ་བློར་འཛིན་དགོས། རྒྱུགས་ལེན་པའི་སྐབས་ཀྱི་མིང་གི་འགྲེལ་བཤད་དག་ནི་དཔེ་ཆའི་སྟེང་གི་འགྲེལ་བཤད་བཀོལ་བ་རེད། ཡང་སློབ་གྲྭ་ཆེན་མོར་རྒྱུགས་སྤྲོད་པ་འདི་ནི་མཐོ་འབྲིང་གི་མཐར་ཕྱིན་གྱི་རྒྱུགས་དང་གཏན་ནས་མི་འདྲ་བ་རེད། མཐོ་འབྲིང་གི་རྒྱུགས་ཡིན་ན་ལོ་གསུམ་དང་ཡང་ན་ལོ་རྗེས་མ་དེ་ལ་སློབ་སྦྱོང་བྱས་པའི་དཔེ་དེབ་དག་གི་ཁྲོད་ཀྱི་གནད་འགའ་རེ་ཡིན། མཐོ་རྒྱུགས་ནི་ཁྱེད་ཀྱིས་སློབ་ཆུང་ནས་བཟུང་མཐོ་གསུམ་བར་གྱི་ལོ་བཅུ་གཉིས་ཀྱི་རིང་ལ་སློབ་སྦྱོང་བྱས་པའི་ཕྱོགས་ཡོངས་ཀྱི་ཤེས་བྱའི་ཚད་འཇལ་ཞིག་ཀྱང་རེད། དེ་བས་མཐོ་རྒྱུགས་ནི་དམའ་འབྲིང་གི་སློབ་དེབ་དང་འབྲེལ་བ་དམ་པོ་ཡོད། གལ་སྲིད་ང་རང་རྒྱུགས་ཤོག་བཟོ་མཁན་ཞིག་ཡིན་ན་དམའ་འབྲིང་གི་སྐབས་ཀྱི་མིང་དང་ཐ་སྙད་བྱ་ཚིག་གི་སྐོར་མངོན་བརྗོད་སོགས་འཇོག་ངེས། དེ་བས་དམའ་འབྲིང་གི་སློབ་དེབ་ཀྱི་"ཀློག་པ་དང་འབྲི་བའི་སྐོར་"ལ་ངེས་པར་དུ་བལྟ་དགོས། ཡང་གཙོ་བོ་མིང་འགྲེལ་ནོར་བ་འདེམས་པའི་སྐབས་སུའང་ངེས་པར་དུ་མཉམ་མ་བཞག་ན་ནོར་བ་དེའང་ཡི་གེ་གཅིག་དང་གཉིས་ལས་འཁྲུལ་མེད་པ་མང་བོ་ཡོད་པ་རེད། དེ་བས་དབྱེ་ཞིབ་ཞིབ་མོ་བྱ་དགོས། ཉིས་སྟོང་གསུམ་ལོའི་སྔོན་དུ་རང་ཅག་གི་སློབ་ཆེན་གང་ལའང་རྒྱུགས་ཤོག་བཟོ་དུས། ཅི་ཞིག་ལ་སུམ་ཅུ་བ་ཟེར། ཅི་ཞིག་ལ་ལས་ཚིག་ཟེར་སོགས་དེ་ལྟར་རྒྱུགས་བླངས་ཏེ་འོངས་པ་རེད། དེའི་རྗེས་ནས་ང་ཚོ་མཚོ་སྔོན་མི་རིགས་བསླབ་གཞི་རྩོམ་སྒྱུར་ཁང་གིས་དེའི་རྣམ་པ་དང་ཁ་ཕྱོགས་བསྒྱུར་ཡོད་པ་རེད། དེའི་ནང་ནས་ཀྱང་བློར་བཟུང་ནས་འབྲི་བའི་ཁ་ཕྱོགས་བསྒྱུར་ཏེ་ལག་ལེན་དང་བཀོལ་སྤྱོད། དབྱེ་ཞིབ་དང་གོ་བ་ལེན་པ་སོགས་གཙོ་བོར་བཟུང་ཡོད། སྐད་ཡིག་བཀོལ་སྤྱོད་ཀྱི་ནུས་པ། དབྱེ་ཞིབ་ཀྱི་ནུས་པ། དོན་ལ་གོ་བ་ལེན་པའི་ནུས་པ་སོགས་གཙོ་བོར་བཟུང་ཡོད་པ་རེད། སྔོན་ཆད་ཀྱི་རྒྱུགས་ཤོག་ལ་ཤོག་གྲངས་དྲུག་ལས་མེད་ཀྱང་ད་ལྟ་ལྡབ་འགྱུར་གྱིས་ཤོག་གྲངས་བཅུ་གཉིས་སུ་བཏང་ཡོད་པ་རེད། དེས་གཙོ་བོ་ལྟ་ཀློག་དང་དབྱེ་ཞིབ་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་སླད་རེད། ངས་སྔོན་ཆད་ཡུལ་ཤུལ་གྱི་དམའ་འབྲིང་ཞིག་ལ་རྒྱུགས་ཤོག་བཟོས་པ་ཡིན། ཁོང་ཚོས་བཤད་ན་དྲི་བ་ཧ་ཅང་སླ་མོ་རེད། འོན་ཀྱང་ལན་འདེབས་དུས་ཚང་མར་དཀའ་ཁག་ཡོད་ཟེར་གི དེ་ནི་གཙོ་བོ་ལག་ལེན་ལ་མ་བྱང་བའི་རྐྱེན་རེད། ངས་ད་དུང་གསལ་འདེབས་ཤིག་བྱ་རྒྱུ་ཡོད་པ་ནི་དམའ་འབྲིང་གི་སློབ་དེབ་ཀྱི་རྗེས་ཀྱི་"བལྟ་ཀློག་དབྱེ་ཞིབ་"དང་། མཐོ་འབྲིང་གི་སློབ་དེབ་རྗེས་ཀྱི་"གསོག་འཇོག་དང་བཀོལ་སྤྱོད། "དཔེ་དེབ་སྟེང་དུ་ཞབས་མཆན་བཀོད་ཡོད་པའི་མིང་ཚིག་དེ་དག་གི་དག་ཆ་དང་འགྲེལ་བཤད་བློར་ཇི་མ་ཇི་བཞིན་དུ་འཛིན་རྒྱུ་ཧ་ཅང་གལ་ཆེ། ཐད་ཀར་བློར་འབྲི་རྒྱུ་མེད་ལ་དབྱེ་ཞིབ་བྱས་ཏེ་ལན་འདེབས་དགོས། སྔོན་ཆད་ཡིན་ན་དག་ཡིག་གི་སྐོར་ལ<<བརྡ་དག་ཕྱེ་མ་ལེབ། >><<དག་ཡིག་ངག་སྒྲོན། >> <<དག་ཡིག་མཁས་པ་དགའ་སྐྱེད>>སོགས་ལ་སློབ་སྦྱོང་བྱས་པ་རེད། ད་ལྟ་བསྒྱུར་ནས་རྩོམ་ཡིག་ནང་ནས་ཡི་གེའི་དག་ཆ་ཤེས་དགོས། དེ་བྱས་ན་སྐད་ཡིག་བཀོལ་སྤྱོད་ཀྱི་ནུས་པ་ཚིག་བསྒྲིགས་པའི་ནུས་པ་སོགས་མཐོར་འདེགས་གཏོང་བར་ཧ་ཅང་ཕན། གོང་ནས་བཤད་པ་འདི་དག་ཚང་མ་དག་ཡིག་གི་སྐོར་ཡིན།
གཉིས་པ། བརྡ་སྤྲོད་ཀྱི་སྐོར།
     བརྡ་སྤྲོད་ཀྱི་སྐོར་ལ་ངེས་པར་དུ་སུམ་ཅུ་བ་སྦྱོང་དགོས། སུམ་ཅུ་བ་དམའ་འབྲིང་གི་སློབ་དེབ་ནང་དུ་ཡོད། ཡིན་ཡང་ཁྱེད་ཅག་གིས་ངེས་པར་དུ་བལྟ་དགོས། འདིའི་མཐོ་རྒྱུགས་ཁྲོད་ཀྱི་སྐར་མ་༡༢དང་༡༦ཟིན་པ་རེད། གལ་སྲིད་བརྡ་སྤྲོད་ལ་སློབ་སྦྱོང་བྱ་དགོས་ན་དམའ་འབྲིང་གི་སློབ་དེབ་ལ་བལྟ་དགོས། དེ་མིན་ན་ང་ཚོས་བསྒྲིགས་པའི་དཔེ་དེབ་《བརྡ་སྤྲོད》ཅེས་པ་དེར་བལྟ་དགོས། དེའི་ནང་དུ་དམའ་འབྲིང་གི་སྐོར་གྱི་བརྡ་སྤྲོད་ཚང་མ་ཕྱོགས་བསྡུས་བྱས་ཡོད། དེ་ལ་བལྟས་པ་ཙམ་དུ་མ་ཟད་དམའ་འབྲིང་གི་དེབ་དང་བོ་ནས་དྲུག་པའི་བར་གྱི་སུམ་ཅུ་བའི་རྣམ་དབྱེ་བརྒྱད་དང་ཕྲད་རང་དབང་ཅན་གཞན་དབང་ཅན་ད་དུང་ཕྲད་འདུས་མའི་སྐོར་ལ་ངེས་པར་དུ་མཉམ་འཇོག་དགོས། ཡང་ལ་དོན་ཕྲད་ཀྱི་ཐོབ་ཐང་དང་བདག་སྒྲ་བྱེད་སྒྲ་འབྲེལ་སྒྲ་སོགས་ཀྱི་ཕྲད་ཀྱི་ཐོབ་ཐང་སྦྱོར་ཚུལ་ངེས་པར་དུ་ཡིད་ལ་འཛིན་དགོས་པར་མ་ཟད་འབྲི་ཤེས་དགོས། ཁ་སྐོང་ནང་དུ་དེ་འདྲ་ཡོད་སྲིད་ན་ཐང་། སློབ་གྲྭ་ཆེན་མོར་མཐར་ཕྱིན་ནའང་ལ་དོན་གྱི་ཕྲད་སྦྱོར་ཚུལ་མི་ཤེས་མཁན་མང་བོ་ཡོད། ག་ད་བ་ས་ན་མ་པ། ། ང་འ་ར་ལ་མཐའ་མེད་བ། ། འདི་ལྟ་བུ་ཧ་ཅང་བློར་འཛིན་བདེ་ཡང་ཡིད་ལ་ངེས་མེད་ན་ནོར་འཁྲུལ་ཆེན་པོ་འབྱུང་གིན་འདུགབོད་ཡིག་འབྲི་བ་ལ་ངེས་པར་དུ་ཐོབ་ཐང་ཤེས་དགོས། དཔེར་ན་རྩིས་རིག་སློབ་པ་ལ་ངེས་པར་དུ་དགུ་མཐའ་ཤེས་དགོས་པ་བཞིན་ནོ། ། སུམ་རྟགས་ལ་རང་ལུགས་མི་མཐུན་པ་མང་མོད་ཀྱང་གཙོ་བོ་སློབ་དེབ་ཀྱི་རང་ལུགས་གང་ཡིན་ན་དེར་ངེས་པར་དུ་བལྟ་དགོས། རྣམ་དབྱེ་དང་ཕྲད་སོགས་ཀྱི་མཚན་ཉིད་ངེས་པར་དུ་རང་ལུགས་ལྟར་བློར་འཛིན་དགོས། ཡང་རྣམ་དབྱེ་དང་ཚིག་ཕྲད་སོགས་ལ་ནང་གསེས་དབྱེ་བ་དུ་ཡོད་པ་སོགས་ཤེས་སུ་འཇུག་དགོས། དཔེར་ན། རྣམ་དབྱེ་ལྔ་བ་ལ་ནང་གསེས་དུ་ཡོད་པ་དང་ལྷག་བཅས་ལ་དབྱེ་བ་དུ་ཡོད་པ་སོགས་ཤེས་དགོས། འབྲེལ་སྒྲ་ལ་ནང་གསེས་དུ་རུ་དབྱེ་ཡོད་པ་དང་དཔེར་བརྗོད་ལ་བྱང་ཆེ་དགོས། དཔེར་ན། གཤམ་གྱི་དཔེ་བརྗོད་བཞི་ལས་ལྷག་བཅས་ཀྱི་རྒྱུ་མཚན་འདྲེན་པ་ལ་འཇུག་པ་ནི་ཞེས་དྲི་བ་དེ་ལྟར་དགོད་ངེས། ཡང་དཔེར་བརྗོད་དེ་དག་ཚང་མའང་དམའ་འབྲིང་གི་སློབ་དེབ་སྟེང་གི་དཔེར་བརྗོད་ཡིན། དེ་བས་འདིའི་ཕྱོགས་ལ་དམའ་འབྲིང་གི་དཔེར་བརྗོད་དག་ཡིད་ལ་འཇགས་ཐུབ་ན་ཤིན་ཏུ་ལེགས། ཕྲད་སྦྱོར་སྟངས་ཀྱི་ཐད་ལ་སྡོམ་ཚིག་དག་བློར་འཛིན་དགོས། ཁ་སྐོང་བྱ་དགོས་པའང་ཡོད་ངེས། འདི་དག་ཚང་མ་སུམ་ཅུ་བའི་སྐོར་ཡིན།
     རྟགས་འཇུག་གི་སྐོར་ལ་མཐོ་འབྲིང་གི་དེབ་གསུམ་པོའི་ནང་དུ་འཁོད་པའི་རྟགས་འཇུག་དེ་ཡིན་ལ། དེ་ལ་སྤྱིར་རྟགས་ཀྱི་དབྱེ་བ་དང་གསལ་བཤད་སུམ་ཅུའི་རྟགས་ཀྱི་དབྱེ་བ། སྔོན་འཇུག་གི་རྟགས་ཀྱི་དབྱེ་བ། རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་འབྱེད་ཚུལ་སོགས་དང་། མིང་མཐའ་འདྲེན་ཚུལ་ལ། རྩ་ཚིག་ལས། ཕོ་ཡིས་ཕོ་ཡིས་མིང་མཐའ་དྲངས། ། མོ་ཡིས་མོ་ཡིས་མིང་མཐའ་དྲངས། ། མ་ནིང་གིས་ནི་མ་ནིང་ངོ་། ། ཞེས་པ་བཞིན་ཕོ་ཡིས་ཕོ་ཇི་ལྟར་དྲངས་ཡོད་པ་དང་མོ་ཡིས་མོ་ཇི་ལྟར་དྲངས་ཡོད་པ་སོགས་ཀྱི་དཔེར་བརྗོད་དག་ངེས་པར་ཤེས་དགོས། བྱ་ཚིག་སྐོར་ལའང་འདས་མ་འོངས་ཀྱི་ཁྱད་པར་ཤེས་དགོས། ༢༠༠༨ལོར་ངས་ཡུལ་ཤུལ་ས་ཆར་དགེ་རྒན་བསྡུ་བའི་སྐོར་ལ་རྒྱུགས་ཤོག་ཅིག་བཟོ་མྱོང་། དེ་དུས་རྒྱུགས་ལ་ཞུགས་མཁན་མི་ཉིས་བརྒྱ་ལྷག་འདུག ལྭ་བ་བཙེམ་ལྟ་བུའི་འདས་པ་དང་མ་འོངས་པ་སྐུལ་ཚིག་སོགས་འབྲི་ཤེས་མཁན་མི་ལྔ་ལས་མི་འདུག དེས་ན་ངེས་པར་དུ་བྱ་ཚིག་སྐོར་གྱི་འདས་པ་དང་མ་འོངས་དང་ད་ལྟ་བ་སོགས་ངེས་པར་དུ་ཤེས་དགོས། འདི་དག་ཚང་མ་བསྡོམས་ན་ལོ་རེ་རེའི་མཐོ་རྒྱུགས་ཁྲོད་ཀྱི་སྐར་མ་༡༤ནས་༡༦་ཡིན། སྤྱིར་རྟགས་འཇུག་སྐོར་ལ་དཔེ་དེབ་མང་བོ་ཡོད་མོད། གཙོ་བོ་མཐོ་འབྲིང་གི་དེབ་དང་བོའི་ནང་དུ་འཁོད་པའི་རྟགས་འཇུག་གི་སྟོད་ཆའི་སྐོར་དང་། དེབ་གཉིས་པ་རུ་འཁོད་པའི་རྟགས་འཇུག་གི་སྨད་ཆའི་སྐོར། དེབ་གསུམ་པའི་ནང་འཁོད་པའི་དངོས་པོ་བདག་གཞན་དང་། དུས་གསུམ་སྤྱི་ཙམ་དང་དུས་གསུམ་བྱེ་བྲག་པ་སོགས་གཙོ་བོར་འཛིན་དགོས། ད་དུང་དེབ་འདི་དག་གི་རྗེས་ན་ཡོད་པའི་གཟུགས་འགྱུར་བའི་བྱ་ཚིག་དང་། གཟུགས་མི་འགྱུར་བའི་བྱ་ཚིག་སོགས་བཀོད་པ་ལ་བལྟ་དགོས། འདི་དག་རྒྱུགས་ནང་དུ་བཀོད་དུས་གཟུགས་མི་འགྱུར་ནི་གང་དག་ཡིན། གཟུགས་འགྱུར་བའི་ལས་ཚིག་ནི་གང་དག་ཡིན་ཞེས་འགོད་ངེས།
གསུམ་པ། ཚིག་རྒྱན་གྱི་སྐོར།
     ཚིག་རྒྱན་གྱི་སྐོར་ལ། སྐད་ཡིག་བསླབ་ཚན་ཚད་གཞི་ལྟར་ན་དམའ་འབྲིང་གི་སྐབས་སུ་རང་བཞིན་བརྗོད་པའི་རྒྱན་བཞི་དང་དཔེ་རྒྱན་སོ་གཉིས་ལས་རྒྱན་བཅོ་བརྒྱད། གཟུགས་རྒྱན་ཉི་ཤུ་ལས་རྒྱན་བཅུ་གཉིས། བསྡོམས་པའི་རྒྱན་སོ་བཞི་ཡོད། མཐོ་འབྲིང་གི་སྐབས་སུ་ཡིན་ན། དོན་གཞན་བཀོད་པའི་རྒྱན། ཕུལ་བྱུང་གི་རྒྱན། རབ་རྟོག་གི་རྒྱན། ཉམས་ལྡན་གྱི་རྒྱན། བསྡུས་བརྗོད་ཀྱི་རྒྱན། ཕྲ་མོའི་རྒྱན། ཟོལ་བསྟོད་ཀྱི་རྒྱན། ཆའི་རྒྱན་སོགས་བསྡོམས་ན་རྒྱན་སོ་བརྒྱད་ཡོད། དེ་བས་རྒྱུགས་ཤོག་བཟོ་དུས་ངེས་པར་དུ་དམའ་འབྲིང་དང་མཐོ་འབྲིང་གཉིས་ཀྱི་དཔེ་དེབ་ཁྲོད་ཀྱི་རྒྱན་སོ་སོ་ནས་བདམས་པ་ཡིན། ཡང་ཤེས་དགོས་པ་ཞིག་ལ་རྒྱན་སོ་སོའི་གོ་དོན་འབྲི་རྒྱུ་ཕལ་ཆེར་མེད། ད་བར་དུ་གཅིག་ཀྱང་འཇོག་མ་མྱོང་། དཔེར་བརྗོད་ཁ་སྐོང་བྱ་རྒྱུའི་སྐོར་དང་དཔེར་བརྗོད་ངོས་འཛིན་པའི་སྐོར་ཡོད། གཉིས་པ་དཔེ་དཔེ་ཅན་ངོས་འཛིན་པ། མཚུངས་ཆོས་ངོས་འཛིན་པ། མཚུངས་པ་གསལ་བྱེད་ཀྱི་སྒྲ་ངོས་འཛིན་པ། རྒྱན་ངོས་འཛིན་སོགས་ཀྱང་ཡོད། ཡང་ཚིག་རྒྱན་ཤོ་ལོ་ཀ་གཅིག་གི་ནང་དོན་ཅི་ཡིན་པ་སོགས་དང་། ད་དུང་ཤོ་ལོ་ཀ་གཅིག་གི་ནང་དུ་བཀོལ་ཡོད་པའི་མངོན་བརྗོད་ཀྱི་སྐོར་ལ་ངེས་པར་དུ་མཉམ་འཇོག་དགོས། འདི་དག་ཤེས་སོག་བ་ཡིན་ན་རྒྱུགས་ཤོག་ནའང་འདི་ལས་ལྷག་པ་མེད།
བཞི་བ། ཚད་མ་རིག་པའི་སྐོར།
     ཚད་མ་རིག་པའི་སྐོར་ལ་མཐོ་འབྲིང་གི་དེབ་བཞི་བའི་ནང་དུ་སློབ་ཚན་གསུམ་ཡོད། དེབ་ལྔ་བའི་ནང་དུ་སློབ་ཚན་གསུམ་ཡོད། བསྡོམས་པས་སློབ་ཚན་དྲུག་ཡོད།  སློབ་ཚན་དྲུག་པོ་དེ་ལ་བྱང་བ་ཙམ་གྱིས་ཆོགདང་པོ་ཤེས་བྱའི་རྣམ་གྲངས་ཀྱི་སྐོར། གཉིས་པ་རྒྱུ་དང་འབྲས་བུ་བཤད་པ། གསུམ་པ། སྤྱི་དང་བྱེ་བྲག་བཤད་པ། བཞི་བ། འགལ་བ་དང་འབྲེལ་བ་བཤད་པ། ལྔ་བ། མཚན་ཉིད་དང་སྒྲ་བཤད་སོགས་ངེས་པར་དུ་བྱང་ཆུབ་དགོས། དཔེར་ན། རྣ་ཤེས་ཀྱི་མཉན་བྱ་སྒྲའི་སྐྱེ་མཆེད་ཀྱི་མཚན་ཉིད། ཡང་གྲངས་འདྲེན་གྱི་སྐོར་ལ། དཔེར་ན། གཟུགས་ལ་དབྱེ་ན་དུ་ཡོད་པ། དངོས་པོ་ལ་དབྱེ་ན་དུ་ཡོད་པ། ཡོད་པ་ལ་དབྱེ་ན་དུ་ཡོད་པ་སོགས་ངེས་རྒྱུ་གལ་ཆེ། གཤམ་ནས་མཚན་ཉིད་བྲིས་པ་ཁག་བཞི་ལས་ནོར་བའི་ཁག་ཅིག་ནི་གང་ཡིན་ཞེས་པ་ལྟ་བུའི་དྲི་བ་ཡང་འབྱུང་སྲིད། ཡང་ཤེས་དགོས་པ་ཞིག་ལ་འགལ་འབྲེལ་གྱི་སྐོར་ནས་ཕལ་ཆེར་རྒྱུགས་ནང་དུ་འཇོག་མི་སྲིད་པ་ལྟ་བུ་རེད།
ལྔ་བ། ལྟ་ཀློག་དང་དབྱེ་ཞིབ་ཀྱི་སྐོར།
     ལྟ་ཀློག་དབྱེ་ཞིབ་ལ་ལོ་རེར་སྐར་མ༣༠ནས༣༦བར་ཡིན་པ་གཏན་ཁེལ་བྱས་ཡོད། གཅིགལེགས་བཤད་ཤོ་ལོ་ཀ་གཅིག་གི་བརྗོད་བྱ་དང་མིང་ཚིག་ཡི་གེའི་ནང་དོན་ལ་གོ་བ་ལེན་པ་ལྟ་བུ་གཙོ་བོ་ཡིན། དཔེར་ན། ས་སྐྱ་ལེགས་བཤད་དང་ཆུ་ཤིང་བསྟན་བཅོས། མཐོ་འབྲིང་གི་སློབ་དེབ་ནང་གི་ཚིགས་སུ་བཅད་པ་བརྒྱ་བ་སོགས་པ་ཡོད་སྲིད། གཉིས་པ། སྙན་ངག་གི་སྐོར་ལ་མཐོ་འབྲིང་གི་སློབ་དེབ་ནང་གི་བོད་ཀྱི་ཡི་གེ་ལ་བསྔགས་པ་ལྷག་བསམ་སྤྲིན་གྱི་སྒྲ་དབྱངས། དཔྱིད་ཀྱི་བདག་མོ་ལྷ་ལས་བབས་པ། དེ་ལ་སོགས་པའི་སྙན་ངག་དང་། ཡང་སློབ་དེབ་ནང་དུ་ཡོད་པའི་ལམ་གྱི་ལེའུ་ཕ་སྐད་དང་དགུ་ཆུའི་གླུ་དབྱངས་ལྟ་བུ་སོགས་ཀྱི་ལྷུག་རྩོམ་སོགས་ཀྱང་ཡོད། ཡང་ང་ཚོས་ཚིག་བཅད་ཀྱི་སྐོར་ལ་དཔེ་ཞིག་བཞག་ན། དེའི་འགྲེལ་བཤད་བཀོད་ཡོད་པ་རེད། གཙོ་བོ་འགྲེལ་བཤད་ནོར་བ་ཤེས་པ་གལ་ཆེན་ཡིན། སྒྲུང་གཏམ་དང་དཔྱད་རྩོམ། གསལ་བཤད་རྩོམ་ཡིག ད་དུང་ཉིས་སྟོང་བཅུ་བཞི་ལོའི་དཔེ་དེབ་སྟེང་དུ་བཀོད་ཡོད་པའི་བོད་ལ་སངས་རྒྱས་ཆོས་ལུགས་ཐོག་མར་དར་བའི་སྐབས་ཀྱི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་ཚུལ། ཞེས་པ་ལྟ་བུ་སོགས་རྩོམ་ཡིག་ཆ་ཚང་འགོད་ངེས། རྩོམ་རེ་རེའི་རྗེས་སུ་འདྲི་ཚིག་གསུམ་ལྷག་ཡོད་ལ། སྐར་མ་༣ནས་༤་ཡིན། འདྲི་ཚིག་དང་པོ་ནི། སློབ་ཚན་དེའི་ནང་གི་མིང་ཚིག་ཡི་གེ་གཙོ་བོར་འཛིན་པ་ཡིན། གཉིས་པ་ནི། སློབ་ཚན་དེའི་རྩོམ་སྟངས་ཀྱི་ཁྱད་ཆོས་ཡིན། གསུམ་པ་ནི། སློབ་ཚན་དེའི་ནང་གི་བརྗོད་བྱའི་བསྟན་དོན་ཡིན། དཔེར་ན། དགག་སྒྲུབ་རྩོམ་ཡིག་ཅིག་ཡིན་ན། དགག་བྱ་གང་ཡིན་པ། བསྒྲུབ་བྱ་གང་ཡིན་པ། སྒྲུབ་བྱེད་ཀྱི་ལུང་གང་དག་དྲངས་ཡོད་པ། དཔེར་ན། གངས་སེང་ཡོད་མེད་ཀྱི་དཔྱད་པ་ལྟ་བུའི་ནང་དུ་ལུང་མང་པོ་དྲངས་ཡོད་པ་དེ་ལྟ་བུའོ། ། ཡང་དཔེ་དང་དོན་དངོས་ཀྱི་གནས་ཚུལ། དཔེར་ན། སློབ་དེབ་ནང་གི་ཚད་དང་རན་པ་ལྟ་བུ། དེའི་ནང་དུ་དོན་དངོས་ཀྱི་དཔེ་མང་པོ་དྲངས་ཡོད། ཡང་དྭགས་པོ་མི་རིགས་སྐོར་ཀྱི་གནད་དོན་ལ་དཔྱད་པ་ལྟ་བུ་ཡིན་ན། དགག་བྱ་དང་བསྒྲུབ་བྱ་གང་ཡིན་པ་གསལ་བོར་ཤེས་དགོས། ཡང་གལ་ཆེ་བ་ཞིག་ཡོད་པ་ནི་གསལ་བཤད་རྩོམ་ཡིག་ཡིན་ལ་དེ་བསྒྱུར་རྩོམ་ཡིན། གལ་སྲིད་ང་རང་རྒྱུགས་ཤོག་བཟོ་མཁན་ཡིན་ན་ངས་འདི་ལྟ་བུ་འཇོག་ཁོ་ཐག་ཡིན། རྒྱུ་མཚན་བོད་ལ་ཚན་རིག་སྐོར་གྱི་རྩོམ་ཡིག་མེད་པས་ཡིན།
     དཔེར་ན། མེ་ཏོག་འདི་འདྲའི་དམར་དོན་ཅི་ཞེས་པ་ལྟ་བུ་སོགས་ཡོད་ངེས། གལ་སྲིད་ང་ཡིན་ན་རྩོམ་ཡིག་འདི་ལྟ་བུ་འཇོག་ལ་རྩོམ་ཡིག་འདི་ལྟ་བུ་གཅིག་པུ་ལའང་སྐར་མ་བཅུ་གཉིས་ཡོད་ངེས། གསལ་བཤད་རྩོམ་ཡིག་འདིའི་དྲི་ཚིག་ཡིན་ན། དང་བོ། མིང་ཚིག་གི་ནང་དོན་ལ་གོ་བ་ལེན་པ། གཉིས་པ། སློབ་ཚན་གྱི་བརྗོད་བྱ་ལ་གོ་བ་ལེན་པ། གསུམ་པ། དཔེར་ན། འདེབས་ས་མི་འདྲ་བ་རེ་རེ་ནས་ཁ་དོག་སྣ་ཁ་མི་གཅིག་པ་སོ་སོ་འབྱུང་དོན་ཅི་ཡིན་པ། ཁ་དོག་དཀར་པོ་ལ་མདོག་མེད་ཅེས་ཟེར་དོན་བཙུར་ན་ཆུ་འོང་བས་རྒྱུ་མཚན་གྱིས་ཨེ་ཡིན་ཞེས་སོགས་དྲི་བ་འགོད་ངེས། བཞི་བ། འདྲི་ཚིག་གསུམ་པ་ཡིན་ན་རྩོམ་སྟངས་ཀྱི་ཁྱད་ཆོས། ལྔ་བ། རྩོམ་འདི་གསལ་བཤད་རྩོམ་ཡིག་ཡིན་ཟེར་བའི་རྒྱུ་མཚན་ཅི་ཡིན། འདིའི་སྐོར་ལ་དམའ་འབྲིང་གི་སྐབས་ཀྱི་བཟའ་ཆས་ནི་གང་ནས་བྱུང་བ་རེད་སོགས་གང་ཡིན་པ་ངེས་གཏན་མེད་དོ། །
དྲུག་པ། སློབ་དེབ་ནང་གི་དཔེ་ཆ་བློར་བཟུང་ཡོད་མེད་ལ་བརྟག་པ།
     འདི་ལ་སྐར་མ་༡༢དང་༡༣ཡོད། འདིའི་སྐོར་ལ་མཐོ་འབྲིང་གི་སློབ་དེབ་ནང་དུ་མང་པོ་མེད་ཀྱང་གཙོ་བོ་དམའ་འབྲིང་གི་སློབ་དེབ་ནང་དུ་ཡོད། སློབ་ཚན་བློར་བཟུང་ཅེས་བྲིས་ཡོད་པ་དེ་ལ་ངེས་པར་དུ་མཉམ་འཇོག་དགོས། དཔེར་ན་ས་སྐྱ་ལེགས་བཤད། ཆུ་ཤིང་བསྟན་བཅོས། སོགས་སློབ་དེབ་ནང་དུ་བཀོད་པ་དེ་བློར་འཛིན་དགོས། ཡང་སློབ་དེབ་ནང་དུ་བཀོད་པའི་རྒྱུན་ཤེས་གལ་ཆེན་ཏེ་དཔེར་ན་ཚིག་རྒྱན་ཤེས་ན་སྙན་ངག་ལ་མི་རྨོངས་ཞེས་པ་དེ་ལྟ་བུའོ། ། ཡང་ཨ་ལགས་ཤ་བསྟན་དར་ལྷ་རམས་པའི་རྩོམ་གྱི་རྣམ་བཞག་བཤད་པ། འདིའི་སྐོར་ལའང་ངེས་པར་བལྟ་དགོས།
བདུན་པ། ལོ་རྒྱུས་དང་རིག་གནས་སྐོར་གྱི་ཤེས་བྱ།
     འདི་ཡང་མཐོ་འབྲིང་གི་སློབ་དེབ་དང་དམའ་འབྲིང་གི་སློབ་དེབ་གཙོ་བོར་བཟུང་ཡོད། བརྡ་སྤྲོད་རིག་པ་དར་བའི་ལོ་རྒྱུས། ཡི་གེ་དར་བའི་ལོ་རྒྱུས། རྩོམ་རིག་དར་བའི་ལོ་རྒྱུས། རིག་གནས་ཀྱི་ལོ་རྒྱུས་སོགས་ཡོད་ངེས། དཔེར་ན་དམའ་འབྲིང་གི་སློབ་དེབ་ནང་དུ་འཁོད་པའི་སློབ་དཔོན་ཐོན་མི། རྒྱལ་བོ་སྲོང་བཙན་སྒམ་པོ། ཕོ་བྲང་པོ་ཏ་ལ་ལྟ་བུ་སོགས་ཡོད། ཡང་མཐོ་འབྲིང་གི་སློབ་དེབ་ནང་དུའང་གནའ་རབས་བོད་ཀྱི་བཀའི་ཕོ་ཉ་བགྲོད་ཚུལ། བོད་ཀྱི་པར་སྐྲུན་རིག་པ། བོད་ལ་གསོ་བ་རིག་པ་དར་ཚུལ་སོགས་འདི་ལྟ་བུའང་རྒྱུགས་ཤོག་གི་ཁྲོད་ན་ཡོད་སྲིད། འདིའི་ལོ་རེ་རེའི་མཐོ་རྒྱུགས་ཁྲོད་ཀྱི་སྐར་མ་༨ནས་དང་༩ཟིན་ངེས། དཔེར་ན། ཉིས་སྟོང་བཅུ་བཞི་ལོའི་རྒྱུགས་ཤོག་ཁྲོད་ཀྱི་དྲི་བ་སྟེ། གཤམ་ནས་རིག་གནས་ལོ་རྒྱུས་ཀྱི་རྒྱུན་ཤེས་བྲིས་པ་ཡང་དག་པ་མ་ཡིན་པ་ནི་ཞེས་འཁོད་ཡོད་ངེས། ཡང་རྩོམ་པ་པོ་ངོས་འཛིན་བྱེད་པ་ཡང་ཡོད་དེ། སྙན་ངག་མེ་ལོང་མ་བོད་དུ་སྒྱུར་མཁན་སུ་རེད། ཡང་ན་དུས་ནམ་ཞིག་ལ་བསྒྱུར་བ་རེད་ཅེས་འདྲི་ཚིག་ཀྱང་འབྱུང་ངེས།
བརྒྱད། རྩོམ་ཡིག་གི་སྐོར།
     གཅིག ཚིག་བསྒྲིག་པའི་སྐོར་ངེས་པར་དུ་གལ་ཆེ། འདི་ལ་སྐར་མ་༦ནས་༧ཟིན་པ་རེད། རྩོམ་ཡིག་འབྲི་བའི་ནུས་པ་གཙོ་བོ་ཚིག་བསྒྲིགས་པ་ལས་བྱུང་བ་རེད། དེས་ན་ཚིག་བསྒྲིག་པའི་སྐོར་ལ་ངེས་པར་དུ་མཉམ་འཇོག་བྱ་དགོས། རྩོམ་ཡིག་དེ་ལའང་རིམ་པ་གསུམ་ཡོད་དེ། གཅིགཚིག་ལྷུག་ཚེག་བར་ཉུ་ཤུ་ནས་སུམ་ཅུ་ཅན་གྱི་བརྗོད་བྱ་གཏན་ཁེལ་བྱས་ཡོད་པ་དེ་སྟོན་ནུས་པའི་རྩོམ་ཡིག་ཅིག་འབྲི་དགོས། འདི་ལ་སྐར་མ་༤ནས་༥ཡོད་ངེས། གཉིས་པ། ཚིག་བཅད་ཤོ་ལོ་ཀ་གཅིག་འབྲི་དགོས་ལ། དེ་ལའང་བརྗོད་བྱ་གཏན་ཁེལ་བྱས་ཡོད། དཔེར་ན། ཉིས་སྟོང་བཅུ་བཞི་ལོར་གློག་ཀླད་ལ་བསྟོད་པ་ཞིག་འབྲི་དགོས་པ་དེ་རེད། འདི་ལ་གཙོ་བོ་དམའ་འབྲིང་དང་མཐོ་འབྲིང་གི་སློབ་དེབ་ནང་བཀོད་ཡོད་པའི་གློག་འཕྲིན་ལ་བསྟོད་པ་དང་རླངས་འཁོར་ལ་བསྟོད་པ་སོགས་ཀྱི་ཚིག་སྦྱོར་སྤེལ་སྟངས་དང་རྩོམ་སྟངས་སོགས་དེ་དག་དང་མཚུངས་པར་བྱས་ན་ཧ་ཅང་ལེགས། གསུམ་པ། ཡང་ཉིས་སྟོང་བཅུ་གསུམ་ལོ་ཡི་རྩོམ་ཡིག་ལ་མཚོན་ན་ན་ཟླ་ཚོ་ང་ཚོ་མཉམ་དུ་འགྲོ་ཞེས་པ་ཞིག་བཀོད་ཡོད་ཡོད་ལ། དེ་ལྟ་བུ་སོགས་ལ་དཔེ་བྱས་ནས་རྩོམ་ཡིག་འབྲི་སྦྱོང་བྱ་རྒྱུ་གལ་ཆེ་ལ། གལ་སྲིད་རྩོམ་ཡིག་ཅིག་བྲིས་རྗེས་སློབ་གྲོགས་ཕན་ཚུན་བར་གྲོས་བརྡར་བྱས་ན་ཧ་ཅང་ཕན་པ་ཡོད། ཡང་སློབ་གྲོགས་རྣམ་པར་གསལ་འདེབས་ཤིག་བྱ་དགོས་པ་ནི། གལ་སྲིད་ཁྱོད་ཀྱིས་དྲི་བ་ཞིག་ལ་ལན་གདབ་མི་ནུས་ཀྱང་སྟོང་བར་ལྷག་ཏུ་གཏན་ནས་འཇུག་མི་རུང་། ཡང་གཙོ་གལ་ཆེ་བ་ཞིག་ནི་ཡིག་གཟུགས་ཡག་པོའི་སྒོ་ནས་བྲིས་ན་ཧ་ཅང་ཕན། རྒྱུ་མཚན་དགེ་རྒན་གྱིས་རྒྱུགས་ཤོག་ལ་བལྟ་བའི་སྐབས་སུ་གཙོ་བོ་མགོ་དང་སྐེད་པ་མཇུག་གསུམ་ལ་བལྟས་རྗེས་སྐར་མ་སྟེར་ངེས་ཡིན། དེ་མིན་ན་དུས་ཚོད་ཀྱི་མི་འདང་བ་རེད། མཐོ་རྒྱུགས་ལ་ཞུགས་མཁན་སློབ་མ་བཞི་སྟོང་ལྷག་ཡོད། དེ་ལ་དགེ་རྒན་བཅུ་ལྷག་མ་གཏོགས་བལྟ་མཁན་མེད་པ་རེད།
     དེའི་རྗེས་ནས་རྩོམ་ཡིག་འབྲི་དུས་ཁ་བྱང་ལ་ངེས་པར་དུ་བརྟག་དགོས། སྔོན་དུ་སྐར་གཅིག་ཙམ་ལ་འབྲི་སྟངས་ཐད་ནས་བསམ་བློ་གཏོང་དགོས། དེ་ནས་ངེས་པར་དུ་མཉམ་འཇོག་རྒྱུ་ཞིག་ཡོད་པ་ནི་ཐད་ཀར་རྒྱུགས་ཤོག་སྟེང་དུ་འབྲི་མི་རུང་། ཐོག་མར草稿纸སྟེང་དུ་འབྲི་དགོས། གང་བསམ་ན་དེ་དབུགས་ཐེངས་གཅིག་བྲིས་ན་བཟང་། བྲིས་ཚར་རྗེས་ད་གཟོད་དག་བཅོས་ཅུང་ཙམ་བྱས་རྗེས་རྒྱུགས་ཤོག་སྟེང་འབྲི་དགོས།
དགུ་བ། འདེམ་སྦྱོང་སློབ་དེབ་ཀྱི་སྐོར།
     འདེམ་སྦྱོང་སློབ་དེབ་ལ་སྐར་མ༢༥རེད། འདེམ་སྦྱོང་གི་དཔེ་དེབ་ནང་ནས་དོར་ཞི་གདོང་དྲུག་སྙེམས་བློས་མཛད་པའི་བྱེད་སྒྲའི་གནད་དོན་བཤད་པའི་སྐོར་ཞིག་ཡོད། དེ་གཙོ་བོ་ཕལ་ཆེར་རྒྱུགས་ནང་དུ་འབྱུང་མི་སྲིད། ཡང་ཨ་ཀྱཱ་ཡོངས་འཛིན་གྱི་བྱ་བྱེད་ལས་གསུམ་གྱི་དབྱེ་བ་བཤད་པའི་སྐོར་ལ་མཉམ་འཇོག་དགོས། ཡང་ཉན་ཤུལ་མཁྱེན་རབ་འོད་གསལ་གྱི་བྱ་བྱེད་ལས་གསུམ་གྱི་རྣམ་བཞག་བཤད་པའི་སྐོར་ལ་མཉམ་འཇོག་དགོས། སྙན་ངག་གི་ཕྱོགས་ལ་དཔེ་རྒྱན་སོ་གཉིས་ཀྱི་ནང་དུ་མ་འདུས་པའི་དཔེ་རྒྱན་བཅུ་གཉིས། གཟུགས་རྒྱན་ཉི་ཤུའི་ནང་དུ་མ་འདུས་བའི་གཟུགས་རྒྱན་བརྒྱད་པོ་ལ་མཉམ་འཇོག་དགོས། མཚུངས་པ་གསལ་བྱེད་ཀྱི་སྒྲ་ཡི་སྐོར་དང་རབ་རྟོག་གསལ་བཤད་ཀྱི་སྒྲ་མངོན་བརྗོད་སོགས་ངེས་རྒྱུ་ཤིན་ཏུ་གལ་ཆེ། ཡང་ཚད་མ་རིག་པའི་སྐོར་ནས་དམུ་དགེ་བསམ་གཏན་གྱིས་བརྩམས་པའི་ཚད་མ་རིག་པའི་བརྡ་ཆད་ཀྱི་འགྲེལ་བ་དེ་དག་ལ་བལྟ་རྒྱུ་གལ་ཆེ། དཔེར་ན་རྟགས་མ་གྲུབ་ཅེས་པའི་ནང་དོན་ཅི་ཡིན། འདོད་ཟེར་བ་ཅི་ཡིན་པ་སོགས་ཤེས་དགོས་པའོ། ། དེ་རིང་གི་སློབ་ཁྲིད་གནས་སྐབས་སུ་མཚམས་འཇོགམཐར་སློབ་གྲོགས་རྣམ་པས་མཐོ་རྒྱུགས་ལ་འབྲས་བུ་གཡུར་དུ་ཟ་བ་ཞིག་ལེན་ཐུབ་པར་སྨོན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...