སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཀློག་འདོན་འགྲན་སྡུར་སྤེལ།
རྩོམ་པ་པོ། སྟག་རིག་འབྲུག་ཐར། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-4-12 11:34:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི་མ་ཡིན་ཞེས་པ་ལྟར།  དཔེ་ཆ་ཀློག་པའི་ཐོག་མའི་ཆ་རྐྱེན་ལ་ཀློག་འདོན་གྱི་ཆུ་ཚད་ངེས་ཅན་ཞིག་ལྡན་དགོས་པ་བསྙོན་དུ་མེད། ལྷག་པར་ངེད་སློབ་གྲྭས་ན་ནིང་སློབ་སྐབས་ནས་མགོ་བརྩམས་ཏེ་ཉིན་རེའི་ཉིན་གུང་ཀློག་འདོན་གྱི་བྱ་བ་རྒྱུན་ཆགས་སུ་སྤེལ་བཞིན་ཡོད་པས། ཐེངས་འདིའི་བྱ་འགུལ་ཡང་སློབ་མས་དུས་རྒྱུན་ཀློག་འདོན་བྱེད་པའི་བྱ་བར་སྐུལ་འདེད་དང་ཚད་འཇལ་བཟང་བོ་ཞིག་བྱེད་པར་དམིགས་ཏེ། སྤྱི་ཟླ4པའི་ཚེས11ཉིན་གྱི་དགོང་མོར། སློབ་གྲྭའི་སྐས་རིམ་ཚོམས་ཆེན་དུ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དམའ་འབྲིང་གཉིས་པའི་ཚན་ཁག་གིས་ཀློག་འདོན་འགྲན་སྡུར་གྱི་བྱ་འགུལ་ཞིག་སྤེལ།                                                                  
     རེབ་འདིའི་བྱ་འགུལ་ལ་སློབ་གཙོ་གཞོན་པ་ཚེ་རིང་རྡོ་རྗེ་དང་སློབ་སྟོན་ཀྲུའུ་རིན་གནམ་ལྷ་ཚེ་རིང་གཉིས་ཀྱིས་ཐུགས་ཁུར་བླ་མེད་མཛད་པ་དང་། བོད་ཡིག་ཁྲིད་དཔྱོད་ཁང་གི་དགེ་རྒན་རྣམ་པས་རོགས་སྒྲུབ་བྱས་ཏེ་བྱ་འགུལ་བདེ་བླག་ངང་སྤེལ་ཐུབ་པ་བྱུང་། ཐོག་མར་སློབ་མ་ཚོའི་ཀློག་འདོན་གྱི་བྱ་བར་དཔེ་སྟོན་གྱི་ཚུལ་དུ་རྒན་འཇམ་མགོན་སྐྱབས་ཀྱིས་གསར་འགྱུར་ཚན་པ་ཞིག་གསལ་དག་སྙན་གསུམ་ཚང་བའི་སྒོ་ནས་ཀློག་འདོན་བྱས་པ་དང་། དེའི་རྗེས་མདོ་འཛིན་པ་གཉིས་ཀས་ཀློག་འདོན་འགྲན་སྡུར་གྱི་སྐར་གྲངས་འགོད་སྟངས་དང་དོ་སྣང་བྱ་དགོས་པའི་སྐོར་གྱི་རེ་བ་ཆ་ཚང་བཏོན་རྗེས་བོད་ཡིག་གི་སྐར་གྲངས་མཐོ་དམའ་ལྟར་དུ་འཛིན་གྲྭ་རེ་ནས་སློབ་མ་གཉིས་རེ་སྐབས་ཐོག་དེར་མིང་བོས་ཏེ་ཀློག་འདོན་བྱེད་དུ་བཅུག ཀློག་འདོན་འགྲན་ཞུགས་པར་བདམས་སྙམ་སྟེ་སྟེགས་བུའི་འགབ་ཀྱི་སློབ་བུ་རྣམས་ཀྱང་འཚུབ་ཆ་ལངས་ཏེ་ཚགས་ཤོག་གང་རུང་བླངས་ཏེ་ཀློག་འདོན་ལ་སྟ་གོན་བྱེད་བཞིན་མཆི།
     འགྲན་ཞུགས་པ་རེ་རེས་དག་ཆ་དང་དབྱངས་ཀྱི་འདེགས་འཇོག ཚིག་གི་གཅོད་མཚམས། མྱུར་ཚད་བཅས་ཀྱི་ཁྱད་ཆོས་དོད་པའི་སྒོ་ནས་རང་གི་རྩལ་ཡོད་ཚད་རེབ་འདིའི་ལྟ་མཁན་པ་ཡོངས་ཀྱི་མིག་གི་དགའ་སྟོན་དང་སྙན་གྱི་བུ་རམ་དུ་ཕུལ་བར་དེར་འདུས་ལྟད་མོ་བས་དགའ་བསུའི་ཐལ་མོ་ལྷང་ལྷང་དུ་བརྡབས།
     བྱ་འགུལ་གྱི་མཇུག་ཏུ་སློབ་སྟོན་ཀྲུའུ་རིན་གནམ་ལྷ་ཚེ་རིང་ལགས་ཀྱིས་བྱ་འགུལ་ལ་སྤྱི་སྡོམ་གྱི་ཚུལ་དུ་རྗེས་མུར་ཀློག་འདོན་གྱི་ཕྱོགས་ལ་ཤུགས་ཆེན་པོ་རྒྱག་དགོས་པའི་རེ་བ་བཏོན་པ་དང་། བོད་ཡིག་ཚན་ཁག་གི་མགོ་གཙོ་འཇམ་མགོན་སྐྱབས་ཀྱིས་ཐེངས་འདིའི་བྱ་འགུལ་ཁྲོད་ཀྱི་ལེགས་ཆ་ལ་བསྟོད་པ་དང་མི་འདང་བའི་ཆ་ལ་ད་དུང་ཧུར་ཐག་བྱ་དགོས་པའི་སྐོར་གྱི་སྙིང་ཕུར་བརྡབས་ཏེ་དཔེ་ཆ་མང་པོ་ཀློག་དགོས་པའི་སྐོར་གྱི་གསུང་བཤད་གལ་ཆེན་གནང་བའི་ཁར་མདོ་འཛིན་པས་འགྲན་ཞུགས་པ་སོ་སོའི་སྐར་གྲངས་ཁྱབ་བསྒྲགས་བྱས་ཤིང་ཨང་རིམ་ལྟར་བྱ་དགའི་ལེགས་སྐྱེས་གནང་ཞིང་མགོ་བཀྲ་ཤིས་པར་བརྩམས་ཏེ་མཇུག་བདེ་ལེགས་པར་བསྡུས་པའོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...