སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བྱིས་པའི་རང་གཤིས་ཀྱི་ཁྱད་ཆོས་བཅུ་གཅིག
རྩོམ་པ་པོ། གུར་མགོན་སྐྱབས། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-4-30 9:12:00 རྩོམ་ཁུངས། འཕྲིན་སྟེགས། ཀློག་གྲངས།
 བྱིས་པའི་རང་གཤིས་ཀྱི་ཁྱད་ཆོས་བཅུ་གཅིག
གུར་མགོན་སྐྱབས།
༠༡.ཁྱད་མཚར་གྱི་ཁྱད་ཆོས།
     བྱིས་པར་ལྷན་སྐྱེས་ཉིད་ནས་མཚར་འཛིན་གྱི་ཁྱད་ཆོས་ལྡན་པ་དང་།རང་ཅག་མི་རྒན་དག་ལ་རྒྱུན་ལྡན་དུ་སྣང་བ་དེ་ཁོ་ཚོས་མཚར་མཚར་དུ་འཛིན་པ་མང་།བྱ་དངོས་གང་ལའང་ཐོག་མར་ལྟ་འདོད་པ།ཉན་འདོད་པ།རེག་འདོད་པ་དེ་འདྲ་རེད།རང་ཅག་གིས་རྒྱུ་མཚན་མེད་པར་བཙན་གྱིས་ཁོ་ཚོའི་མཚར་འཛིན་ལས་བྱུང་བའི་བྱ་བྱེད་དེ་དག་བཀག་འགོག་བྱ་མི་རིགས།དཔེར་ན་ཚེར་མ་རྣོན་པོ་ཞིག་མཐོང་ན་ཐོག་མར་ཁོ་ཚོ་རེག་ཏུ་བཅུག རེག་ཏུ་བཅུག་པས་ན་ཟུག་བཏང་འོང་ན་ད་གཟོད་ཁོ་ཚོས་རེག་མི་ཉན་པ་དེ་ཤེས་འོང་གི་རེད།མ་གཏོགས་ཁྱོད་ཀྱིས་བཙན་ཐབས་ཀྱིས་རེག་མི་རུང་ཞེས་བཤད་ན་ཁོ་ཚོའི་རེག་འདོད་ཀྱི་འདུན་པ་ཇེ་ཆེར་འགྱུར་ངེས་པ་རེད།དེའི་ཕྱིར།སྐབས་འདིའི་མཚར་འཛིན་གྱི་བློ་དེ་གཞོམ་མི་རུང་།
༠༢.གཞན་བརྟེན་གྱི་ཁྱད་ཆོས།
     བྱིས་པ་ཆུང་དུས་ཕ་མ་དང་དགེ་རྒན་ལ་བལྟོས་མེད་ཀྱི་ཡིད་ཆེས་བྱེད་པ་རེད།ཁོ་ཚོས་ཅི་བཤད་པ་བདེན་པར་འདོད་པ་དང་།ཅི་བསྒྲུབས་འགྲིག་པར་སྙམ་པའི་བསམ་བློ་དེ་འདྲ་ཡོད།སྐབས་འདིར་བྱིས་པར་མིག་དཔེ་བཟང་བོ་སྟོན་པ་གལ་ཆེ།ལྷག་ཏུ་བྱིས་པའི་མིག་ནང་གི་དགེ་རྒན་ནི་སྐྱོན་ཀུན་སེལ་ཡོན་ཏན་ཀུན་ལྡན་ཞིག་ཏུ་མཐོང་གི་ཡོད་པ་རེད།དགེ་རྒན་གྱི་བྱ་སྤྱོད་ཕྲན་བུ་ཙམ་ཡང་བྱིས་པའི་ཚོར་བ་རྣོན་པོས་ཟིན་པར་ངེས་པ་རེད།རང་ཅག་གི་མྱོང་བའི་སྟེང་ནས་ཀྱང་།སློབ་ཆུང་དུས་སྐབས་ཀྱི་དགེ་རྒན་གྱི་བསྟོད་སྨད་གང་བྱས་པའི་བྱེ་བྲག་གི་བྱ་སྤྱོད་ཀྱང་ཡིད་ལ་གསལ་བོར་དྲན་པ་ལྟ་བུ་རེད།
༠༣.སེམས་པ་སྙི་བའི་ཁྱད་ཆོས།
     བྱིས་པའི་སེམས་ཁ་ཧ་ཅང་སྙི་བས་དེར་རྨ་ཁ་ཐེབས་སླ་བ་རེད།བྱིས་པ་ཆུང་ངུ་དག་སྲོག་ཆགས་ཆུང་ངུ་སོགས་ལ་གཅེས་སྐྱོང་བྱེད་པར་དགའ་བ་དང་།གཏམ་རྒྱུད་སོགས་བཤད་ནའང་དགའ་བ་དང་སྐྱོ་བའི་ཚོར་བ་སྐྱེན་པས་ངུ་སླ་བ་དང་དགོད་རྐྱེན་པ་དེ་འདྲ་རེད།བྱིས་པའི་སེམས་ཁ་སྙི་བས་ཆུང་དུས་ནས་སྲོག་ལྡན་ཀུན་ལ་སྙིང་བརྩེ་བའམ་གཅེས་སྐྱོང་བྱེད་པའི་འདུ་ཤེས་སྐྱེད་བསྲིངས་བྱེད་པར་རྨང་གཞི་ཡག་པོ་ཡོད་པ་རེད།
༠༤.རང་འདོད་ཆེ་བའི་ཁྱད་ཆོས།
     བྱིས་པའི་སྐབས་སུ་ང་ཞེས་པ་གཙོ་བོར་འཛིན་པ་རེད།གོན་པ་ཡག་པོ་ང་ལ་དགོས།ཟ་མ་ཞིམ་པོ་ང་ལ་དགོས།རྩེད་ཆས་ཡག་པོ་ང་ལ་མཁོ་ཞེས་པའི་འདུ་ཤེས་ཡོད།རང་འགུལ་ངང་གཞན་ལ་སྦྱིན་གཏོང་བྱེད་པ་ལྟ་བུ་ཤིན་ཏུ་ཉུང་།སྐབས་འདིར་ང་ཚོས་འདི་ནི་བྱིས་པ་ཐུན་མོང་གི་ཁྱད་ཆོས་ཡིན་པ་ངོས་ཟིན་དགོས་པ་ལས།སྒེར་སེམས་ཆེ་བའི་མ་རབས་ཀྱི་རིགས་ཡིན་པ་ལྟ་བུར་གོ་བ་ལོག་མི་རུང་།
༠༥.མངོན་མཚོན་གྱི་ཁྱད་ཆོས།
     བྱིས་པར་རང་གི་འཇོན་ཐང་དང་ཁྱད་ཆོས་གཞན་ལ་ངོམ་འདོད་ཀྱི་འདུན་པ་དྲག་པོ་ཡོད། ང་ཚོས་ངེས་པར་ཁོ་ཚོར་གོ་སྐབས་སྤྲད་ནས་སོ་སོའི་མངོན་འདོད་ཀྱི་རྣམ་འགྱུར་སྟོན་པའི་གོ་སྐབས་སྤྲོད་འོས།བྱིས་པའི་ཁྱད་ཆོས་དང་རྣམ་འགྱུར་དེ་ངོ་མཚར་བའམ་ཁྱད་དུ་འཕགས་པ་ཞིག་མིན་ཡང་རུང་།ཁོ་ཚོའི་བྱ་སྤྱོད་ལ་སྐུལ་མ་གཏོང་བ་ལས་འབུར་འཇོམས་བྱ་མི་རིགས།
༠༦.གཞུང་དྲང་གི་ཁྱད་ཆོས།
     བྱིས་པའི་སེམས་ཤིན་ཏུ་དྲང་མོ་ཡིན།གང་ཞིག་གསང་འོས་པ།གང་ཞིག་སྦ་འོས་པ་སོགས་གསལ་བོར་མི་ཤེས་པས་ཁྱིམ་གྱི་དོན་དག་སོགས་ཀྱང་ཕྱི་ལ་བཤད་སྲིད་པ་ཡིན།ཡང་ང་ཚོས་བྱིས་པར་བཤད་མི་རུང་ཞེས་གདམས་ཚེ།ཁོ་ཚོས་གཏན་ནས་བཤད་མི་སྲིད་པ་རེད།ལན་རེར་བྱིས་པ་གྱོང་བོ་ཞིག་རེད་ཨང་སྙམ་པ་འབྱུང་སྲིད་ཀྱང་།ཡིན་པ་ནི་གཞུང་དྲང་གི་མངོན་རྟགས་རེད།དེ་བས་བྱིས་པར་རྫུན་བཤད་པ།མགོ་གཡོག་པ་སོགས་ཀྱི་བྱ་སྤྱོད་དེ་ཕྱིས་དང་ཕྱིས་སུ་མི་རྒན་པར་ལད་མོ་བྱས་ཏེ་བྱུང་བ་རེད།
༠༧.ཟོལ་མེད་པའི་ཁྱད་ཆོས།
     བྱིས་པའི་སེམས་ལ་ངན་གཡོ་སྒྱུ་གསུམ་གང་ཡང་མེད།ཁོ་ཚོའི་སེམས་ནི་ལྷད་མ་འདྲེས་པ། དྭངས་གཙང་གི་ཆ་དེ་འདྲ་རེད།དོན་གྱི་ཕུགས་རིང་བོར་འདང་རྒྱག་མི་ཤེས་པ་དེ་འདྲ་རེད། ཁོ་ཚོའི་བསམ་བློ་ལ་མཉེན་ཆ་ཡག་པོ་ཡོད་པ་རེད།
༠༨.ཀུན་རྟོག་ཕུན་སུམ་ཚོགས་པའི་ཁྱད་ཆོས།
     བྱིས་པའི་ཀུན་རྟོག་ཧ་ཅང་ཕུན་སུམ་ཚོགས་པ་རེད།མི་རྒན་གྱི་ཡིད་ལ་དྲན་མི་ཐུབ་པ་མང་པོ་བྱིས་པའི་སེམས་ལ་དྲན་ཐུབ།དཔེར་ན།གནམ་ལ་འཕུར་བ།རྫུ་འཕྲུལ་སྟོན་པ་ལྟ་བུ་ཀུན་རྟོག་སྣ་ཚོགས་སུ་འཕྲོ་བར་བྱེད།འདིའི་སྐབས་སུ་ཀུན་རྟོག་གི་འཆར་སྒོ་སྐྱེད་བསྲིངས་བྱེད་པ་གལ་ཆེ།གསར་གཏོད་ཀྱི་བློ་གྲོས་ནི་ཡིན་པ་ཀུན་རྟོག་གི་འཆར་སྒོ་ལས་བྱུང་།རྒྱུན་ལྡན་གྱི་ང་ཚོའི་འདང་རྒྱག་སྟངས་དང་བསམ་གཞིགས་བྱེད་སྟངས་ལས་གསར་གཏོད་འབྱུང་དཀའ།ཡང་ན་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་ཆ་ནས་ཀུན་རྟོག་ཕུན་སུམ་ཚོགས་ཚུལ་མི་འདྲ་བ་རེད།མི་རིགས་ལ་ལའི་མི་གྲངས་ཤིན་ཏུ་མང་ལ་དངོས་པོའི་མཐུན་རྐྱེན་མི་དམན་པ་ཡོད་ཀྱང་རླབས་ཆེ་བའི་ཚན་རིག་པ་སོགས་འབྱུང་བ་ཤིན་ཏུ་ཉུང་བ་རེད།དེའང་ཀུན་རྟོག་གི་འཆར་སྒོ་སྐྱེད་བསྲིངས་ཡག་པོ་བྱེད་མ་ཐུབ་པར་འབྲེལ་བ་འདུག
༠༩.འཆར་ཡན་གྱི་ཁྱད་ཆོས།
     བྱིས་པར་འཆར་ཡན་ཕུན་སུམ་ཚོགས་པ་ལྡན།སྤྱིར་འཆར་ཡན་ནི་སྒྱུ་རྩལ་བརྩམས་ཆོས་ཀྱི་འབྱུང་ཁུངས་རེད།འཆར་ཡན་བསམ་བློ་ཕུན་སུམ་ཚོགས་པའི་མི་རིགས་ལ་སྒྱུ་རྩལ་གྱི་བརྩམས་ཆོས་ངོ་མཚར་ཅན་འབྱུང་བ་ཇི་བཞིན་བྱིས་པའི་རྒྱུད་ཀྱི་འཆར་ཡན་ནི་ཕུན་སུམ་ཚོགས་པོ་རེད།ང་ཚོས་འགུལ་རིས་བརྙན་འཕྲིན་ཞིག་ལ་བལྟས་ཚེ།དེའི་བརྗོད་བྱ་གཏན་ཚིགས་དང་མི་མཐུན་པའམ་པར་རིས་ཀྱི་འགྱུར་ལྡོག་རྐྱེན་དྲགས་པ་དེ་འདྲ་ཡོད་ཀྱང་།དེ་དག་བྱིས་པའི་བློ་གྲོས་ཀྱིས་ཡོངས་སུ་འཛིན་ཐུབ།
༡༠.བྱ་དངོས་ལ་ཐད་ཀར་ལྟ་བ།
     བྱིས་པར་རྙོག་འཛིང་གི་བསམ་གཞིགས་བྱེད་ནུས་མེད་པ་རེད།བྱིས་པས་བྱ་དངོས་སམ་མི་ཡི་ལེགས་ཉེས་ཡག་བཙོག་སོགས་གང་ལ་ལྟ་ནའང་ཕྱི་ཚུལ་གྱི་རྣམ་པ་ཁོ་ན་གཙོ་བོར་བྱེད།དངོས་པོ་ཞིག་ཡིན་ན་དེའི་བཀོལ་སྤྱོད་ཀྱི་རིན་ཐང་དང་ཕན་ནུས་སོགས་ལ་མི་ལྟ་བར་གཙོ་བོ་ཁ་དོག་ཙམ་ལ་དགའ་བ་དེ་འདྲ་ཡིན་ལ།མི་ལ་མཚོན་ནའང་གཤིས་ཀ་སོགས་ལ་བརྟག་མི་ཤེས་པར་ངོ་གདོང་ལ་བལྟོས་ནས་དགའ་དུངས་བྱེད་པ་དེ་འདྲ་རེད།
༡༡.འགྱུར་སྐྱེན་པ།
     བྱིས་པ་ནི་འགྱུར་སྐྱེན་པའི་རང་བཞིན་ཅན་ཞིག་ཡིན།ད་དགོད་ཀྱིན་ཡོད་ན་ཅུང་ཙམ་ནས་ངུ་སྲིད་པ་དང་ཡང་ཅུང་ཟད་ནས་དགོད་སྲིད་པ་དེ་འདྲ་རེད།ཁོ་ཚོར་རང་ཚུགས་བརྟན་པོ་རྩ་དོན་གཅིག་གི་སྟེང་ནས་འགྱུར་རྒྱུ་མེད་པ་དེ་འདྲ་མ་ཡིན།དེ་བས་བྱིས་པ་ནི་ལྗང་མྱུག་ཅིག་དང་འདྲ་བར་དྲང་བོར་བསྲིངས་ན་དྲང་མོ་དང་།འཁྱོག་པོར་བཀུག་ན་འཁྱོག་པོར་འགྱུར་བ་དེ་འདྲ་རེད།གོང་གི་བྱིས་པའི་ཁྱད་ཆོས་བཅུ་གཅིག་ལས་ལ་ལ་ནི་སྔ་མོ་ནས་གསུངས་ཚུལ་ཡོད་པ་དག་ཡིན་ལ་རེ་གཉིས་ང་རང་གིས་བསྣན་པ་ཡིན།མདོར་ན་བྱིས་པའི་རྩོམ་རིག་འབྲི་སྐབས་ཡིན་ནའང་ཆོག བྱིས་པར་སློབ་ཁྲིད་བྱེད་དུས་ཡིན་ནའང་རུང་།ཐོག་མར་བྱིས་པའི་ཁྱད་ཆོས་ལ་ངོས་འཛིན་གསལ་བོ་བྱས།བྱིས་པའི་བསམ་ཕྱོགས་ལ་གོ་བ་ཡང་དག་ཅིག་རྙེད་རྒྱུ་ནི་ཤིན་ཏུ་གལ་བོ་ཆེ་རུ་འདུག་སྙམ།     

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...